གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༧/༧/༢༠༡༣   བཙག་འཐུ་དང་འབྲེལ་བའི་ འཐོར་གཏམ་དང་ཁ་ཉེས།
༉ འདས་པའི་རེས་གཟའ་ཉི་མ་ལུ་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་ འགོ་འདྲེན་འཐབ་པའི་སྐབས་ མི་སེར་དམངས་གཙོ་ཚོགས་པ་དེ་ གཞུང་གསརཔ་འཚོགས་ནིའི་དོན་ལུ་ བཙག་འཐུ་གྲུབ་སྟེ་འབད་རུང་ ད་ལྟོའི་བར་ན་ཡང་ བཙག་འཐུ་ལུ་བརྟེན་པའི་ ལོ་རྒྱུས་འདྲ་མིན་སྣ་ཚོགས་སླབ་མི་ཚུ་ ཐོན་དོ་ཡོདཔ་ཨིན་མས།


བཙག་འཐུའི་སྐོར་ལས་ འཐོར་གཏམ་བཤད་མི་དང་ ཁ་ཉེས་བཀལ་མི་ ལེ་ཤ་ཐོན་མི་ལུ་བརྟེན་ རྒྱལ་ས་ལྟེ་བ་ལས་ འགོ་བཟུང་སྟེ་ མཐའ་ཟུར་གཡུས་ཚུན་ཚུན་གྱི་ མི་སྡེ་ཚུ་ནང་ ནམ་ར་འབད་རུང་ ལོ་རྒྱུས་དེ་ར་ སླབ་སར་གོཝ་ཨིན་མས།
བཙག་འཐུའི་ཁྲིམས་ལུགས་དང་འཁྲིལཝ་ད་ བཙག་འཐུའི་གྲུབ་འབྲས་ལུ་ལྟ་སྟེ་ བསམ་པ་མ་རྫོགས་པ་ཅིན་ འདེམས་ངོ་དང་ རྒྱབ་སྐྱོར་པ་ ཡང་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་གིས་ བཙག་འཐུའི་ཚེས་གྲངས་ལས་ འགོ་བཙུགས་ཏེ་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ ཞུ་གཏུགས་འབད་ཆོགཔ་ཨིན་མས།
ཁ་ཙ་ཚུན་གྱི་ནང་འཁོད་ལུ་ བཙག་འཐུ་དང་འབྲེལ་བའི་ ཞུ་གཏུགས་འབད་མི་ ཕུད་རྡོག་གཅིག་ཡང་ མ་ཐོནམ་ཨིན་པས།
སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུ་ཚུ་ནང་འབད་བ་ཅིན་ རྒྱལ་ཁ་འཐོབ་ནི་གི་ བློ་གཏད་ཡོད་པའི་ ཚོགས་པ་དེ་ནང་ལས་ འདེམས་ངོ་༢ རྐྱངམ་གཅིག་ བཙག་འཐུ་གྲུབ་མི་བརྟེན་ ཚོགས་རྒྱན་གྱི་ འཕྲུལ་ཆས་དེ་ལུ་ གཡོ་སྒྱུ་འཐབ་པའི་ ཁ་ཉེས་བཀལཝ་ཨིན་མས།
མ་གཞི་ འཐོར་གཏམ་བཤད་མི་ཚུ་ལུ་ལྟ་བ་ཅིན་ བདེན་ཁུངས་མེད་པའི་ ཁ་ཉེས་ཅིག་ཨིན་པའི་ ཚོར་སྣང་བྱུངམ་ཨིན་རུང་ ལྟ་རྟོག་པ་ཚུ་གི་དོན་ལུ་ ཚོགས་པ་ཚུ་ རྒྱལ་ནི་དང་ ཕམ་ནི་རྐྱངམ་གཅིག་མེན་པར་ བཙག་འཐུའི་བྱ་རིམ་དེ་ར་ དམངས་གཙོའི་རིང་ལུགས་ནང་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ འབྲུག་རྒྱལ་ཁབ་དང་ མི་སེར་ཚུ་གིས་ དུས་ནམ་ཅིག་གི་ཚེ་ དེ་གི་སྐོར་ལས་ དྲན་ཚོར་འབད་འོང་ཟེར་ཞུ་ནི།
ད་རེས་ཀྱི་ཐད་ཁར་ལྷོདཔ་ད་ བཙུག་འཐུ་ལས་གྲུབ་མི་ གཞུང་གསརཔ་དེ་ལུ་ འབྱོན་ལེགས་ཞུ་ནི་དང་འབྲེལ་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་འགྲུབ་ཚུགས་པའི་ མནོ་བསམ་གཏང་དགོཔ་དེ་ གལ་ཆེ་ནི་ཨིན་མས།
སྤྱི་ཚོགས་གསརཔ་དང་ གཞུང་གིས་ གྲོས་ཐག་བཅད་མི་ གོ་གནས་གལ་ཅན་འཆང་མི་གསརཔ་ ལེ་ཤ་ཅིག་ར་ མཐོང་ནི་ཨིནམ་ལས་ དོན་སྨིན་ཅན་གྱི་ གྲོས་ཐག་གཅད་དེ་ མི་སེར་གྱི་འགན་འཁྲི་ཚུ་ ལེགས་ཤོམ་སྦེ་ འབག་ཚུགས་པའི་རེ་བ་ཡོད།
ཆ་རོགས་འཆམ་ཤོས་དང་ ཁྱིམ་ཚང་ཐག་ཉེ་ཤོས་ཅིག་ཨིན་མི་ རྒྱ་གར་གྱིས་ མེ་རླུང་གེསི་དང་ ས་མར་ཁུའི་ ཕབ་ཆག་གོང་ཚད་ཚུ་ འཕྲལ་མགྱོགས་ར་ ལོག་བྱིན་ནི་གི་ བརྡ་མཚོན་སྟོན་ཡོདཔ་མ་ཚད་ ནང་ཁྲལ་དེ་ཡང་ ཨ་རྟག་ཧར་ལུགས་སྦེ་ ལོག་བྱིན་ནི་གི་ དོགས་སེལ་འབད་ཡོདཔ་ད་ ཆུ་ཁ་གློག་མེ་ལས་འཛིན་གྱི་ གློག་མེ་ཕྱིར་བཙོང་གི་ ཁྲལ་དེ་ཡང་ སྔར་བཞིན་དུ་ བསྒྱུར་བཅོས་མེདཔ་ཨིན་མས།
མ་གཞི་ སྤྱིར་བཏང་བཙག་འཐུ་ མཇུག་བསྡུ་བའི་ཉིནམ་ནངས་པར་ རྒྱ་གར་གྱི་སྲིད་བློན་ ཌོག་ཊར་ མཱན་མོ་ཧཱན་སིང་གིས་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་ལུ་ བཀྲིས་བདེ་ལེགས་ཀྱི་ གསུང་འཕྲིན་ཅིག་ བསྐྱལ་བཏང་མིའི་ནང་ རྒྱ་གར་གྱིས་ འབྲུག་ལུ་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་ཡོད་ལུགས་ཚུ་ གསལ་བཀོད་འབད་ནུག།
འདི་ལུ་ལྟཝ་ད་ འཆར་གཞི་༡༡ པའི་དོན་ལུ་ རྒྱ་གར་གྱི་ གྲོགས་རམ་མ་དངུལ་དེ་ ཧ་ལམ་ གཏན་འཁེལ་བཟུམ་ཅིག་ཨིན་མས།
གོང་འཕེལ་གྱི་ དམིགས་དོན་ཚུ་ འགྲུབ་ནིའི་དོན་ལུ་ གོང་འཕེལ་མཉམ་རོགས་ཚུ་གིས་ གྲོགས་རམ་བྱིནམ་ད་ ངལ་རངས་བསྐྱེད་དགོཔ་ཅིག་ཨིན་རུང་ འབྲུག་འདི་ ཨ་རྟག་ར་ གྲོགས་རམ་ལུ་བརྟེན་སྡོད་མི་ རྒྱལ་ཁབ་ཅིག་སྦེ་ སྡོད་ནི་དེ་ཡང་ འོས་འབབ་མེད་ཟེར་ ཞུ་ནི་ཨིན།

No comments:

Post a Comment