གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་བྱ་གིས་བཏོན་མི་ རྨ་བྱའི་བྱི་ཅུང་ཚུ་ ཕོཝ་རྒྱགས་པའི་ བསྒང་ཡོདཔ།

༡༧/༧/༢༠༡༣   ༉ བསམ་གྲུབ་ལྗོངས་མཁར་ ཕུན་ཚོགས་ཐང་རྒེད་འོག་ སྨན་གྲུབ་གླིང་གཡུས་ཚན་ནང་ལས་ རྐང་སྟོང་སྦེ་ ཆུ་ཆུང་ཀུ་ཅིག་ བརྒལ་འགྱོ་བའི་སྐབས་ གློག་མེའི་མཐུན་རྐྱེན་མེད་པའི་ ཁྱིམ་༢ འབད་མི་གཡུས་ཚན་ ཀ་ཏི་ཀེ་ཟེར་ས་ལུ་ ལྷོད་དོ་ཡོདཔ་ད་ གཡུས་དེ་གི་ ཁྱིམ་ཅིག་ནང་ གཡུས་ཁའི་བྱམོ་༡ གིས་ རྨ་བྱའི་བྱི་ཅུང་༣ ཁྱིད་དེ་ འཁྱམས་སྡོད་སར་ མཐོངམ་ཨིན་པས།

བྱམོ་ཅིག་གིས་ བདག་འཛིན་འཐབ་མི་ རྨ་བྱའི་བྱི་ཅུང་ཚུ་ གཟནམ་ཟ་བའི་བསྒང་།

རྨ་བྱའི་བྱི་ཅུང་ཚུ་གིས་ བྱམོ་དེ་ལས་ ཁ་དབྱེ་སྟེ་ ཡུདཔ་ཐེངས་ཅིག་ཡང་ མི་འགྱོ་དོ་ཡོདཔ་ད་ ནུབ་མོ་ཉལ་རུང་ བྱམོ་དེ་དང་གཅིག་ཁར་ ཉལ་དོ་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱི་བར་ན་ བརྩེ་གདུང་ཆེ་དྲགས་ཡོདཔ་སྦེ་ མཐོང་གསལ་བྱུངམ་ཨིན་པས།
ཚར་ཅིག་འབདཝ་ད་ ཁྱིམ་དེ་ནང་སྡོད་མི་ ཕོ་སྐྱེས་དེ་གིས་ ཁོ་ར་ ཚལ་མ་ནང་ ནོར་སྐྱོར་བར་འགྱོ་བའི་སྐབས་ རྨ་བྱའི་ཚང་ཅིག་ནང་ཕྱད་དེ་ སྒོང་རྡོག་༣ མཐོང་མི་དེ་ འཐུ་འབག་འོང་ཐོག་ལས་ གཡུས་བྱ་གིས་སྦེ་ བྱི་ཅུང་བཏོན་བཅུག་ཡོདཔ་ཨིན་པས།
རྨ་བྱའི་བྱི་ཅུང་ཚུ་བཏོན་ཏེ་ ཟླ་ངོ་ཕྱེད་དང་༢ མ་གཏོགས་མ་ལང་རུང་ ཧ་ལམ་ སྦོམ་ཆུང་ཚུ་ བྱམོ་ཨའི་དང་འདྲན་འདྲ་སྦེ་ མཐོངམ་ཨིན་པས།
བྱམོ་གི་ཇོ་བདག་ ཆ་བི་མ་ཡ་ ཨ་ཅར་ཡ་གིས་ སླབ་མིའི་ནང་ གོ་དང་པ་ རྨ་བྱའི་སྒོང་རྡོག་ཚུ་ འཐུ་འབག་འོང་སྟེ་ བྱམོ་གི་ཚང་ནང་ གཡུས་བྱ་གི་སྒོང་རྡོག་༣ དང་གཅིག་ཁར་ བཞག་པའི་སྐབས་ རྨ་བྱིའི་སྒོང་རྡོག་ཚུ་ ཧ་ལམ་ དམ་བྱའི་སྒོང་རྡོག་ལས་ཡང་ སྦོམ་དོ་ཡོདཔ་ད་ སྒོང་རྡོག་ཚུ་ནང་ལས་ བྱི་ཅུང་འཐོན་འོང་ག་ཟེར་བའི་ དོགས་པ་ཆགས་ཅི་ཟེར་ཨིན་པས།
དེ་འབདཝ་ད་ བྱམོ་མོ་ར་གིས་འབུད་མིའི་སྒོང་རྡོག་༣ ནང་ལས་ བྱི་ཅུང་མ་ཐོན་ཟེར་ སྐྱེས་ལོ་༧༣ ལང་མི་ ཆ་བི་མ་ཡ་གིས་ སླབ་ཨིན་པས།
རྨ་བྱ་ཚུ་ ད་ལྟོ་ཆུང་ཀུ་འབད་ནི་དེ་གིས་ ཕོ་ཨིན་ན་ མོ་ཨིན་ན་ ངོས་འཛིན་འབད་མི་ཚུགས་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ བྱི་ཅུང་༣ ཆ་ར་ བྱ་པོད་དང་ ལ་ལུ་ཅིག་གིས་༣ ཆ་ར་ བྱམོ་ དེ་ལས་ ལ་ལུ་ཅིག་གིས་ བྱ་པོད་དང་ བྱམོ་ སླ་བསྲེས་ཏེ་ཡོདཔ་སྦེ་ སླབ་དོ་ཡོདཔ་ཨིན་པས།
ཆ་བི་མ་ཡ་གིས་ གདོང་དགའ་འཛུམ་དང་བཅསཔ་སྦེ་ སླབ་མིའི་ནང་ རྨ་བྱ་ཚུ་ ཆུང་ཀུའི་བསྒང་ལས་ར་ མོ་ར་གིས་ གསོ་སྐྱོང་འཐབ་སྟེ་ བཞག་ཡོདཔ་ཨིན་རུང་ སྦོམ་ཐལ་བའི་བསྒང་ལས་ ཚལ་མ་ནང་ འཕུ་མི་འགྱོ་ག་མནོ་བའི་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ གལ་སྲིད་ ཡར་སོང་པ་ཅིན་ སེམས་མི་དགའ་ནི་མས་ཟེར་ཨིན་པས།
རྨ་བྱ་དང་ བྱམོ་ཚུ་ལུ་ ཕྱི་རུ་ ཞག་ཉལ་ས་ཟེརཝ་ཡང་མ་བཟོཝ་ལས་ ར་དང་ ནོར་གྱི་ཁྱིམ་ཚུ་གི་ ཁྱིམ་ཐོག་ཁ་ལས་ཕར་ སྡོདཔ་ཨིནམ་ད་ ཉིན་མ་འབད་རུང་ ཁྱིམ་ནང་ལས་ ས་ཐག་རིང་ས་ལས་ཕར་ བཤལ་མི་འགྱོ་དོ་ཡོདཔ་ལས་ ཆ་བི་མ་ཡ་གིས་ འཕྲལ་འཕྲལ་སྦེ་ར་ གཟན་མ་ ཆུམོ་དང་ གེ་ཟ་ཚུ་ བྱིན་དོ་ཡོདཔ་ཨིན་པས།
མ་གཞི་ ལྷོ་མཚམས་པ་ མང་ཤོས་ཅིག་གིས་ བྱ་པོད་དང་ བྱམོ་ཚུ་ ལེ་ཤ་སྦེ་ གསོ་སྐྱོང་འཐབ་དོ་ཡོདཔ་ཨིན་རུང་ ཆ་བི་མ་ཡ་གི་བཟའ་ཚང་ལུ་ བྱ་པོད་ཅིག་དང་ བྱམོ་ཅིག་མ་གཏོགས་ མེདཔ་ཨིན་པས།
མོ་གིས་ ཕྱི་རུའི་ཚོདམ་བསྐོལ་ནིའི་དོན་ལུ་ ཚོད་བསྲེབཟོ་ཡི་ར་ སླབ་མིའི་ནང་ རེ་ཚེ་སྐབས་ བྱ་པོད་དེ་གིས་ རྨ་བྱ་ཚུ་ལུ་ མཆུ་ཏོག་རྐྱབ་པར་ འགྱོ་དོ་ཡོདཔ་ཨིན་རུང་ བྱམོ་ཨའི་གིས་ རྒྱབ་ལེན་ཏེ་ བདག་འཛིན་འཐབ་མས་ཟེར་ཨིན་རུང་ ད་རེས་ བྱམོ་དེ་ སྒོང་རྡོག་འབུད་ནིའི་ དུས་ཚོད་རན་ཡོདཔ་ལས་ སྒོང་རྡོག་འབུད་ནི་ འགོ་བཙུགས་པའི་ཤུལ་ལུ་ རྨ་བྱ་བྱི་ཅུང་ཚུ་ ད་ལྟོ་བཟུམ་སྦེ་ བདག་འཛིན་མི་འཐབ་ནིའི་ ཚ་གྱང་ཡོད་ཟེར་ཨིན་པས།
ད་རེས་ཁམས་ ནགས་ཚལ་འགོ་དཔོན་ཚུ་ཡང་ མོ་གི་ཁྱིམ་ནང་འོང་སྟེ་ རྨ་བྱའི་བྱི་ཅུང་ཚུ་གི་ པར་བཏབ་སྟེ་ འབག་ཡོདཔ་མ་ཚད་ སྦོམ་ཐལ་བའི་སྐབས་ གཞན་ལུ་མ་བཙོང་པར་ ཁོང་ལུ་བཙོང་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ ཨིན་རུང་ ག་དེམ་ཅིག་སྦེ་ རྨ་བྱ་བྱ་པོད་དང་ བྱམོ་ སླ་བསྲེས་ཏེ་ཡོད་པ་ཅིན་ སྒོང་རྡོག་འབུད་དེ་ ད་རུང་ཕྱུག་གུ་མ་ཐོན་ཚུན་ མི་བཙོང་ཟེར་ཨིན་པས།
ཆ་བི་མ་ཡ་གིས་ བཤད་མིའི་ནང་ ཧེ་མ་ རྨ་བྱ་ཕྱུག་གི་ཚུ་ ཁྱིམ་མཐའ་འཁོར་ལས་ཕར་ ཨའི་དང་གཅིག་ཁར་ ལྟོ་འཚོལ་བཟའ་བར་ འགྱོ་བའི་སྐབས་ ལྷོ་མཚམས་པའི་ཁ་ལས་ སིན་དུ་རེ་ཟེར་མི་ འབུབ་དམརཔོ་ ཆུང་ཀུ་སྦེ་ཡོད་མི་ཚུ་འཛེགས་ཏེ་ གནོད་པ་རྐྱབ་ཡོདཔ་ཨིན་རུང་ ཆ་བི་མ་ཡ་གིས་ པད་དཀར་མར་ཁུ་ དབུར་བྱིན་མི་ལུ་བརྟེན་ དྲག་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཆ་བི་མ་ཡ་གི་ཁྱིམ་ནང་ གཡུས་ཚན་གྱི་ ཉེ་འདབས་ལས་ཕར་སྡོད་མི་ ལེ་ཤ་ཅིག་གིས་ར་ རྨ་བྱ་ལྟ་བར་ འོང་དོ་ཡོདཔ་ལས་ སེམས་དགའ་བས་ཟེར་ཨིན་པས།
སྨན་གྲུབ་གླིང་གཡུས་ཚན་ལས་ སྐྱེས་ལོ་༤༦ ལང་མི་ པདྨ་ ཨ་དི་ཀ་རི་གིས་ བཤད་མིའི་ནང་ ལོ་༣ དེ་ཅིག་གི་ཧེ་མར་ ཁོ་གིས་ཡང་ རྨ་བྱའི་སྒོང་རྡོག་༣ འཐུ་འབག་འོང་སྟེ་ གཡུས་བྱ་ལུ་ བྱི་ཅུང་བཏོན་བཅུག་ཡོདཔ་ཨིན་རུང་ ཤུལ་ལས་ སིན་དུ་རེ་ནད་འབུབ་ལུ་བརྟེན་ ག་ར་ ཤི་སོ་ཡི་ཟེར་ཨིནམ་ད་ གཡུས་ཚན་དེ་ཚུ་གི་ ཉེ་འདབས་ལས་ཕར་ རྨ་བྱ་ལེ་ཤ་ཅིག་ར་ འཁྱམས་སྡོད་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment