གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པ་གིས་ ཁ་ཙ་ བརྡ་བརྒྱུད་ཞལ་འཛོམས་འགོ་དང་པ་ འཚོགས་ཡོདཔ།

༡༦/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ སྤྱིར་བཏང་བཙག་འཐུ་མཇུག་བསྡུ་བའི་ཤུལ་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ བརྡ་བརྒྱུད་ཞལ་འཛོམས་འགོ་དང་པ་ ཁ་ཙ་ ཚོགས་པའི་ཡིག་ཚང་ནང་སྦེ་ འགོ་འདྲེན་འཐབ་ཅི།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཚོགས་ཀྱི་ སྤྱིར་བཏང་བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་མི་དེ་ཡང་ མི་སེར་ཚུ་གིས་ ཚོགས་པ་ལུ་ རྒྱབ་སྐྱོར་དང་ བློ་གཏད་ཡོད་མི་བརྟེན་ཏེ་ ཨིན་ཟེར་བཤད་ཅི།

མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རང་སྟོབས་རྒྱས་ཀྱིས་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ ཞལ་འཛོམས་འགོ་དང་པ་ ཚོགས་པའི་བསྒང་།


ཁོ་གིས་འབད་བ་ཅིན་ བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་མི་དེ་ དང་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ རྒྱབ་སྐྱོར་དང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུ་དྭངས་གསལ་གྱི་སྒོ་ལས་ འགོ་འདྲེན་འཐབ་ཚུགས་ནི་ལུ་ རྒྱབ་སྐྱོར་འབད་མི་ ཞི་གཡོགཔ་དང་ དྲག་ཁག་གསུམ་གྱི་དམག་མི་ དེ་ལས་ ཆར་ཆུའི་དུས་ལུ་འབད་རུང་ མི་སེར་ཚུ་གིས་ དམངས་གཙོའི་རིང་ལུགས་ལུ་ ཆ་གནས་སྦོམ་བརྩིས་ཏེ་འོང་མི་ མི་སེར་ཡོངས་ལུ་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
སྤྱི་ཚོགས་ཀྱི་ བཙག་འཐུ་གཉིས་པམ་ནང་ ཚོགས་རྒྱན་བཙུགས་མི་བརྒྱ་ཆ་༦༦ འོང་མི་ལུ་ལྟཝ་ད་ ཞི་གཡོགཔ་དང་ མི་སེར་སོ་ནམ་པ་ དེ་ལས་ གཞན་མི་ག་ར་གིས་ འོང་མི་ལུ་ལྟཝ་ད་ བཙག་འཐུ་ཁག་ཆེ་ཧིང་ཧ་གོ་སྟེ་ ཚོགས་རྒྱན་བཙུགས་པར་འོང་མི་དེ་ལུ་ སེམས་དགའ་ཡི་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་ སྤྱི་ཚོགས་ཀྱི་ བཙག་འཐུ་གཉིས་པམ་ནང་ བཅའ་མར་གཏོགས་མི་ འབྲུག་སྤྱིར་དབང་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་ འབྲུག་མཉམ་རུབ་ཚོགས་པ་ དེ་ལས་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ མི་སེར་ཚུ་ལུ་ གདམ་ཁ་བྱིན་མི་དེ་ལུ་ མི་སེར་དམངས་གཙོ་ཚོགས་པའི་ཁ་ཐུག་ལས་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་དང་ གདམ་འཐུ་གྲུབ་མི་ འདེམས་ངོ་ཡོངས་ལུ་ བཀྲིས་བདེ་ལེགས་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཙག་འཐུ་ནང་ལས་ རྒྱལ་ནི་དང་ཕམ་ནི་དེ་ ཁག་མི་ཆེ་ཟེར་ཨིནམ་ད་ གཙོ་ཆེ་ཤོས་ར་ དམངས་གཙོའི་རིང་ལུགས་ རྒྱལ་ཁ་འཐོབ་ནི་ལུ་ ཁག་ཆེ་ཟེར་ཨིན་པས།
ཀུན་གསལ་གྱིས་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་ལུ་ འགོ་ཐོག་བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་མ་ཚུགས་ཏེ་འབད་རུང་ སྤྱིར་བཏང་བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་མི་དེ་ ག་ཅི་ལུ་བརྟེན་ཏེ་ཨིན་ན་ཟེར་ དྲི་བའི་ལན་ལུ་ ཚོགས་པའི་གཙོ་འཛིན་གྱིས་ དེ་སྦེ་བྱུང་དགོ་མི་དེ་ཡང་ འགོ་ཐོག་བཙག་འཐུ་ མཇུག་བསྡུ་བའི་ཉིནམ་ལས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ འགྲུལ་འཕྲིན་གྱི་ཐོག་ལས་དང་ གློག་རིག་ཡོངས་འབྲེལ་ དེ་ལས་ ངོ་རྐྱང་དང་ཕྱད་དེ་ བསྐུལ་བསྒྲགས་འབད་ནི་དེ་གིས་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་གྱིས་འབད་བ་ཅིན་ ཁོང་གིས་ ཉིན་གྲངས་༢༧ གྱི་ ནང་འཁོད་ནང་ལུ་ བསྐུལ་བསྒྲགས་ཞལ་འཛོམས་ཐེངས་༨༧ འཚོགས་ཅི་ཟེར་ཨིན་པས།
སྤྱི་ཚོགས་ནང་འབད་རུང་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པ་ སྒྲིང་སྒྲིང་ཡོད་ནི་དེ་གིས་ ག་ཅི་ར་ཐག་བཅད་རུང་ ལེགས་ཤོམ་འགྱོ་འོང་ཟེར་ཨིནམ་ད་ ཨིན་རུང་ ལྡོག་ཕྱོགས་ཚོགས་པ་དང་གཅིག་ཁར་འབད་རུང་ མཉམ་འབྲེལ་གྱི་ཐོག་ལས་ ལཱ་འབད་ནི་ཟེར་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།
བློན་པོ་བཙག་འཐུ་འབད་ནིའི་ཐད་ཁར་ མཐོ་གཏུགས་ཀྱི་ ཉིན་གྲངས་༡༠ མ་ཚངམ་ཚུན་ འབད་ཐབས་མེདཔ་མ་ཚད་ བཀོད་ཁྱབ་ཞལ་འཛོམས་འཚོགས་ཞིནམ་ལས་ གྲོས་ཐག་བཅད་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment