གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་རྟེན་ཨར་རྐུན་འབད་བའི་ དོགས་ཅན་༡༠ གྱི་སྙན་གསན་ ལོག་འགོ་བཙུགས་ནི།

༡༣/༧/༢༠༡༣   ༉ རྒྱལ་ཁབ་ནང་ མཆོད་རྟེན་སློངས་མི་དང་ ལྷ་ཁང་ཚུ་ལས་ ནང་རྟེན་ཨར་རྐུན་འབད་བའི་ དོགས་པ་ཅན་༡༠ གྱི་ སྙན་གསན་ཚུ་ ཤུལ་མའི་བདུན་ཕྲག་ནང་ ལོག་འགོ་བཙུགས་ནི་གི་ ལས་འཆར་བཟོ་སྟེ་ཡོད་ཟེར་ བཀྲིས་སྒང་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་པདྨ་དངོས་གྲུབ་ཀྱིས་ སླབ་ཨིན་པས།
བུམ་ཐང་རྡོར་གདན་ལྷ་ཁང་གི་ ནང་རྟེན་གཙོ་བོ་ སྟོན་པ་དང་ སྒྲོལ་དཀར་ སྒྲོལ་ལྗང་ཚུ་གི་ སྐུ་གཟུགས་སྤེད་དེ་ ནང་གཟུགས་སྦེ་ཕུལ་མི་ རིན་ཐང་དང་བྲལ་བའི་ སྐུ་གཏེར་ཚུ་ བཏོན་འབག་ཡོད་པའ་མཐོང་སྣང་།


དེ་ཡང་ ཟླཝ་༢ དེ་ཅིག་གི་ཧེ་མར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་༢ ཀྱིས་ ཉེས་བཤེར་འབད་མི་ རྩོད་གཞི་ཚུ་ བཀྲིས་སྒང་རྩིས་ཏེ་ བཀྲིས་གཡང་རྩེ་དང་ མོང་སྒར་ བུམ་ཐང་ གཞལམ་སྒང་ དབང་འདུས་ཕོ་བྲང་རྫོང་ཁག་གི་ དྲང་དཔོན་༦ གིས་ བཀྲིས་སྒང་རྫོང་ཁག་ཁྲིམས་ཀྱི་འདུན་སར་ སྙན་གསན་རིམ་པར་མཛད་དེ་ སྒྲུབ་བྱེད་སྙན་གསན་འབད་ཚར་བའི་ཤུལ་ལུ་ ཞལ་འཛོམས་དང་ སྤྱི་ཚོགས་ཀྱི་ བཙག་འཐུའི་བྱ་རིམ་ཚུ་ལུ་བརྟེན་ མཚམས་འཇོག་འབད་དེ་ བཞག་ཡོདཔ་ཨིན་པས།
ད་རིས་ཀྱི་ བདུན་ཕྲག་ནང་ལས་ སྤྱིར་བཏང་བཙག་འཐུའི་ བྱ་རིམ་ཚུ་ མཇུག་བསྡུ་ནི་ཨིནམ་ལས་ སྙན་གསན་ཚུ་ སྤྱི་ཟླ་༧ པའི་ཚེས་༢༢ ལས་ ལོག་འགོ་བཙུགས་ནི་སྦེ་ དྲང་དཔོན་ཆ་རོགས་ཚུ་ལུ་ སྙན་ཞུ་འབད་དེ་ཡོད་ཟེར་ དྲང་དཔོན་པདྨ་དངོས་གྲུབ་ཀྱིས་ བཤད་པའི་ཁར་ སྙན་གསན་ཟེར་རུང་ གདོང་བཤེར་སྙན་གསན་རྐྱངམ་གཅིག་ འབད་དགོཔ་ཡོད་ཟེར་ སླབ་ཨིན་པས།
སྤྱི་ཟླ་༥ པའི་བདུན་ཕྲག་གཉིས་པའི་ནང་ སྒྲུབ་བྱེད་སྙན་གསན་མཛད་པའི་སྐབས་ ཁྲིམས་སྲུང་འགག་པ་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་ཚུ་གིས་ དོགས་ཅན་༡༠ ལས་ཐོབ་མི་ ནང་རྟེན་རྩ་ཅན་དང་ ཅ་ཆས་གཞན་ཚུ་ སྒྲུབ་བྱེད་སྦེ་ ཁྲིམས་ཀྱི་འདུན་སར་ ཕུལ་ཡོདཔ་ཨིན་པས།
རྩོད་ཟླ་༡༠ ལུ་ ཉེས་འཛུགས་འབད་མི་དེ་ཡང་ ཁོང་ཆ་ཁྱབ་ རྒྱལ་ཁབ་ནང་འཁོད་ལུ་ སྤྱི་ལོ་༢༠༡༠ ལས་༢༠༡༣ གྱི་བར་ན་ མཆོད་རྟེན་མང་རབས་ཅིག་ སློངས་མི་དང་ ལྷ་ཁང་ཚུ་ལས་ སྐུ་རྟེན་གསུང་རྟེན་ཚུ་ ཨར་རྐུན་འབད་ཡོད་པའི་ དོགས་པ་ལུ་བརྟེན་ཨིན་པས།
དོགས་པ་ཅན་ཚུ་ རྫོང་ཁག་༦ ནང་ ཨར་རྐུན་གྱི་ ལཱ་བྱ་འཐབ་མི་ཚུ་དང་ སྦྲེལ་མཐུད་ཡོད་མི་ལུ་བརྟེན་ རྫོང་ཁག་༦ གི་དྲང་དཔོན་ཚུ་གིས་ བཀྲིས་སྒང་ལུ་ རང་སོའི་རྫོང་ཁག་དང་ འབྲེལ་གནད་ཡོད་མི་དང་འཁྲིལ་ སྙན་གསན་མཛད་མི་དེ་ཡང་ ཉེས་ལས་འཐབ་མི་ཚུ་ ཁྲིམས་སྲུང་འགག་པ་གིས་ བཀྲིས་སྒང་རྫོང་ཁག་ནང་ འཛིན་བཟུང་འབད་བའི་ཁར་ རྫོང་ཁག་༡ ནང་ཁྲིམས་བཤེར་འབད་བའི་ཤུལ་ལུ་ རྫོང་ཁག་གཞན་མི་ནང་ རྩོད་གཞི་ཕྱེ་མ་དགོ་པར་ རྫོང་ཁག་གཅིག་ལས་ར་ གྲོས་ཆོད་བཏོན་གནང་ནི་ཨིནམ་ལས་ དེ་གིས་ དུས་ཚོད་དང་ གཞུང་གི་མ་དངུལ་ཚུ་ འཕྲོ་བརླག་མ་འགྱོ་བའི་ ཁེ་ཕན་ཡོད་ཟེར་ ཧེ་མའི་དྲིས་ལན་སྐབས་ དྲང་དཔོན་པདྨ་དངོས་གྲུབ་ཀྱིས་ བཤད་ཅི།
གདོང་བཤེར་སྙན་གསན་འབད་ནི།
ཉེས་དོགས་ཅན་ཚུ་གིས་ ཁྲིམས་ཀྱི་འདུན་སར་ བཤེར་ལན་ཕུལ་བའི་སྐབས་ རྩོད་ཟླ་ལ་ལུ་ཅིག་གིས་ མཆོད་རྟེན་སློངས་ཏེ་ ནང་གཟུངས་ཚུ་ བཏོན་འབག་ཡོད་པའི་ ཁ་བཟེད་ཡོད་རུང་ ལ་ལུ་གིས་ ཁོང་ལས་ ཁྲིམས་སྲུང་འགག་པ་གིས་ དབང་ཤུགས་བཙོང་སྟེ་ ངག་བརྗོད་ལེན་འབག་ཡོདཔ་ལས་ ཉེས་ལས་ནང་ འབྲེལ་གཏོགས་མེདཔ་སྦེ་ ཞུ་ཡོདཔ་ཨིན་པས།
དོགས་པ་ཅན་རེ་རེ་གཉིས་ཀྱིས་ ཧེ་མར་ ཉེས་ལས་འཐབ་ཡོད་པའི་ རྫུན་ཁ་བཟེད་ཡོད་རུང་ ཤུལ་ལས་ ངག་བརྗོད་བསྒྱུར་བཅོས་རྐྱབ་མི་ལུ་ལྟ་བ་ཅིན་ དོགས་པ་ཅན་ཚུ་ ལུང་ཟོར་བཙོན་ཁང་ནང་ གཅིག་ཁར་བཞག་པའི་སྐབས་ བསྟུན་གྲོས་རྐྱབ་དོ་བཟུམ་ཅིག་འདུག་ཟེར་ ཁྲིམས་འདུན་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཧེ་མར་ ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་ཚུ་ དོ་དམ་ཁང་ནང་ སོ་སོར་བཞག་སྟེ་ ངག་བརྗོད་ལེན་ཡོདཔ་ད་ ད་རུང་ དོགས་པ་ཅན་གཅིག་གིས་གཅིག་ལུ་ ཁ་ཉེས་བཀལ་མི་ལུ་བརྟེན་ གདོང་བཤེར་འབད་དགོཔ་ཡོད་ཟེར་ དྲང་དཔོན་པདྨ་དངོས་གྲུས་ཀྱིས་ བཤད་པའི་ཁར་ ལ་ལུ་ཅིག་གིས་ ངག་བརྗོད་བསྒྱུར་བཅོས་རྐྱབ་མི་ལུ་བརྟེན་ གདོང་བཤེར་སྐབས་ ཁྲིམས་སྲུང་འགག་པའི་ སྡེ་འཛིན་ཡང་ ཁྲིམས་ཀྱི་འདུན་སར་ འབོ་ནི་ཟེར་ སླབ་ཨིན་པས།
དྲང་དཔོན་གྱིས་འབད་བ་ཅིན་ འཁྲུན་ཆོད་དེ་ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ གནང་ནི་སྦེ་ ལས་འཆར་བཟོ་སྟེ་ཡོད་ཟེར་ཨིན་པས།
ཉེས་ལས་འཐབ་མི་ཚུ་ འཛིན་བཟུང་འབད་བའི་རྒྱབ་ཁུངས།
དུས་ཅི་ སྤྱི་ཟླ་དང་པའི་ནང་ བཀྲིས་གཡང་རྩེ་ལུ་ ཕོ་སྐྱེས་༢ འཛིན་བཟུང་འབད་བའི་ཤུལ་ལུ་ བཀྲིས་གཡང་རྩེ་དང་ བཀྲིས་སྒང་གི་ ཁྲིམས་སྲུང་འགག་པ་གཉིས་ཆ་ར་གིས་ རྫོང་ཁག་༦ ནང་ མཆོད་རྟེན་གཅིག་ཤུལ་གཉིས་ཤུལ་སློངས་མི་དང་ ལྷ་ཁང་དགོན་སྡེ་ཚུ་ལས་ ནང་རྟེན་ཨརཝ་བརྐུ་མི་དང་ ཨར་རྐུན་འབད་ནི་གི་ དཔའ་བཅམ་མི་ཚུ་ བདའ་ཟུན་ཡོདཔ་ཨིན་པས།
དང་པ་ར་ བཀྲིས་གཡང་རྩེ་ སྟོད་ཚོ་ལས་ སྐྱེས་ལོ་༤༥ ལང་མི་ ཡེ་ཤེས་རྡོ་རྗེ་དང་ བཀྲིས་སྒང་གཡང་གཉེར་ལས་ སྐྱེས་ལོ་༢༣ ལང་མི་ ཚེ་དབང་བསྟན་འཛིན་༢ ཀྱིས་ ཁམས་དྭངས་རྒེད་འོག་ནང་ བྱང་ཆུབ་མཆོད་རྟེན་༥ དང་ མ་ཎི་གདངས་རིངམོ་༡ བཀའ་དམ་མཆོད་རྟེན་༡ སློངས་མི་ལུ་བརྟེན་ བཀྲིས་གཡང་རྩེའི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ ཁོང་༢ ཆ་ར་ འཛིན་བཟུང་འབད་ཡོདཔ་ད་ མཆོད་རྟེན་ཚུ་ སྤྱི་ཟླ་༡ པའི་ཚེས་༡༧ དང་༡༨ ཀྱི་ནུབ་མོར་ སློངས་ཡོདཔ་ཨིན་པས།
བཀྲིས་གཡང་རྩེའི་དྲང་དཔོན་ དབང་ཕྱུག་འབྲུག་པ་གིས་ ཧེ་མའི་དྲིས་ལན་སྐབས་ སླབ་མིའི་ནང་ དོགས་པ་ཅན་ ཡེ་ཤེས་རྡོ་རྗེ་ལུ་ ཁྲིམས་སྲུང་འགག་པ་གིས་ དྲི་ཞིབ་འབདཝ་ད་ ཉེས་ལས་འཐབ་པའི་ རྫུན་ཁ་བཟེད་ཡོདཔ་མ་ཚད་ ཨར་རྐུན་ནང་ འབྲེལ་གཏོགས་དང་ འབྲེལ་བ་ཡོད་མི་ འཐུས་མི་གཞན་༨ ཀྱི་ མིང་བཏོན་པའི་ཤུལ་ལས་ འཛིན་བཟུང་འབད་ནུག་ཟེར་ཨིན་པས།
དོགས་པ་ཅན་ཚུ་གི་གྲས་ལས་༤ ལུ་ ན་ཧིང་ བཀྲིས་སྒང་གཡང་གཉེར་དང་ རི་མཇུག་ལུ་ རྣམ་རྒྱལ་ཁང་བཟང་མཆོད་རྟེན་༢ སློང་ནི་དང་ བར་མཚམས་ཕྱག་རྡོར་ལྷ་ཁང་གི་ ལྟག་ལུ་ཡོད་མི་ བྱག་ཕུག་ཅིག་ནང་ སྐུ་འདྲ་ཅིག་གི་ནང་གཟུངས་ གཟི་མིག་ཏོ་༩ འབད་མི་༡ བཏོན་འབག་ནི་གི་ དཔའ་བཅམ་པའི་ ཉེས་འཛུགས་བཀལ་ཡོདཔ་ཨིན་པས།
ད་རུང་ དོགས་པ་ཅན་༣ གྱིས་ སྤྱི་ལོ་༢༠༡༡ ལུ་ མོང་སྒར་གླིང་མི་ཐང་གི་ སྦོ་ལོགས་ཁར་ བྱ་གདུང་གཡུས་ཚན་ནང་ བཀའ་དམ་མཆོད་རྟེན་ཅིག་ སློངས་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༢ ལུ་ དོགས་པ་ཅན་ཚུ་གི་གྲས་ལས་༤ དེ་ཅིག་གིས་ བུམ་ཐང་དོམ་མཁར་ལུ་ ལྷ་ཁང་༢ དང་ རྡོར་གདན་ལུ་ ལྷ་ཁང་ཅིག་གི་ ནང་རྟེན་ཚུ་ ཨར་རྐུན་འབད་བའི་གུ་ རྣམ་རྒྱལ་ཁང་བཟང་མཆོད་རྟེན་ཅིག་ཡང་ སློངས་ཡོདཔ་ཨིན་པས།
དྲང་དཔོན་པདྨ་དངོས་གྲུབ་ཀྱིས་འབད་བ་ཅིན་ རྡོར་གདན་ལྷ་ཁང་གི་ ནང་རྟེན་གཙོ་བོ་ སྟོན་པ་དང་ སྒྲོལ་དཀར་ སྒྲོལ་ལྗང་གསུམ་ཆ་རའི་ སྐུ་གཟུགས་ཚུ་ དོང་སྤེད་དེ་ ནང་གཟུངས་ཡེ་ཤེས་སེམས་དཔའི་ སྐུ་ཆུང་བྱིན་ཅན་ཚུ་ བཏོན་འབག་ཐོག་ལས་ བཙོང་ནི་གི་ དཔའ་བཅམ་ནུག་ཟེར་ཨིནམ་ད་ རྡོར་གདན་ལྷ་ཁང་དེ་ དུས་རབས་ག་ཅི་ནང་ བཞེངས་བཞེངསམ་ཨིན་ན་ ག་གིས་ཡང་ མི་ཤེས་པས།
སྐུ་རྟེན་ཚུ་ནང་ལས་བཏོན་མི་ ཡེ་ཤེས་སེམས་དཔའི་སྐུ་༥ ཡོད་མི་དེ་ཡང་ གུ་རུའི་གསེར་སྐུ་༡ དང་ གསེར་སྒྲོན་མི་ ཚེ་དཔག་མེད་ཀྱི་སྐུ་༢ སྟོན་པ་རྡོར་གདན་མའི་སྐུ་༡ རྡོ་རྗེ་སེམས་དཔའ་༡ ཡོད་མི་ཚུ་ ད་ལྟོ་ རྫོང་ཁག་ཁྲིམས་འདུན་གྱིས་ བདག་འཛིན་འཐབ་སྟེ་ཡོདཔ་ད་ དེ་ཚུ་ག་ར་ རིན་ཐང་ལས་བྲལ་བའི་ གཏེར་མ་ཚུ་ཨིནམ་བཟུམ་འདུག་ཟེར་ དྲང་དཔོན་པདྨ་དངོས་གྲུབ་ཀྱིས་ བཤད་པའི་ཁར་ འཁྲུན་ཆོད་བཏོན་ཚར་བའི་ཤུལ་ལུ་ སྐུ་བྱིན་ཅན་ཚུ་ ལོག་སྟེ་ར་ རྡོར་གདན་ལྷ་ཁང་ལུ་ བཞུགས་སུ་གསོལ་འོང་ཟེར་ སླབ་ཨིན་པས།
ད་རུང་ ན་ཧིང་ གཞལམ་སྒང་དྭག་འཕེལ་ལུ་ མ་ཎི་གདངས་རིངམོ་ཅིག་སློངས་མི་ དོགས་པ་ཅན་༣ ལས་༡ ད་ལྟོ་ བདའ་མ་ཟུན་པར་ཡོདཔ་ཨིན་པས།
ཀྲོང་གསར་རྫོང་ཁག་ ནུབ་སྦིས་ལས་ སྐྱེས་ལོ་༥༥ ལང་མི་ ཕོ་སྐྱེས་ཅིག་གིས་ ཉེས་ལས་ལུ་ གདོང་གྲོགས་དང་ ཆ་རོགས་འབད་བའི་ ཉེས་འཛུགས་བཀལ་ཡོད་མི་དེ་ཡང་ ཁོ་གིས་ ཨར་རྐུན་འབད་བའི་ སྐུ་རྟེན་གསུང་རྟེན་ཚུ་ཉོ་བར་ སྣུམ་འཁོར་བདའ་སྟེ་ བཀྲིས་སྒང་ཚུན་ འོང་ཡོདཔ་ཨིན་པས།
དོགས་ཅན་ཚུ་གི་གྲས་ལས་ དབང་འདུས་ཕོ་བྲང་དྭངས་ཆུ་ལས་ཨིན་མི་ བཟའ་ཚང་༡ དང་ ཕོ་སྐྱེས་༢ ལུ་ ཤོག་གྲངས་༡༢༥ འབད་མི་ བརྒྱད་སྟོང་པ་གསེར་བྲིས་མ་ ཚུལ་མིན་ཐོག་ ཉོ་བཙོང་འཐབ་པའི་ ཉེས་འཛུགས་བཀལ་ཡོདཔ་ད་ ཁོང་༤ གི་གྲས་ལས་༡ མཆོད་རྟེན་སློངས་མི་ཚུ་ནང་ འབྲེལ་གནད་ཡོད་མི་ལུ་བརྟེན་ བདའ་ཟུན་ཡོད་པའི་གནས་ཚུལ།

བཀྲིས་སྒང་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment