གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡༦/༧/༢༠༡༣   རྒྱལ་ཁ་འཐོབ་ནི་ལས་ མི་སེར་གྱི་ཞབས་ཏོག་བསྒྲུབ་ནི་དེ་ གལ་ཆེཝ་ཨིནམ།
༉ འབྲུག་གི་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་དེ་ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་ཚུགས་པའི་ཁར་ མི་སེར་དམངས་གཙོ་ཚོགས་པ་གིས་ བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་སྟེ་ གཞུང་སྐྱོང་ནིའི་གོ་སྐབས་ཐོབ་ཚུགས་མི་དེ་ལུ་ བཀྲིས་བདེ་ལེགས་ཡོད་ཟེར་ཞུ་ནི།


མ་གཞི་ བཙག་འཐུའི་སྐབས་ལུ་ འཛམ་གླིང་རྒྱལ་ཁབ་ག་ཏེ་ར་འབད་རུང་ སྲིད་དོན་ཚོགས་པ་ཚུ་ གཅིག་གིས་གཅིག་ལུ་ ཁ་གཏང་ནི་དང་ སྐྱོན་བརྗོད་འབད་ནི་ དམའ་ཕབ་རྐྱབ་ནི་ དེ་ལས་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ ཚོགས་རྒྱན་དགོ་ནིའི་དོན་ལུ་ མི་སེར་ཚུ་ སེམས་ལྷུ་ནི་དང་ ནང་གསུག་བྱིན་ནི་ལ་སོགས་པ་ཚུ་ སྲིད་དོན་གྱི་ལམ་ལུགས་ནང་ བཀག་ཐབས་མེད་པའི་ རང་བཞིན་ཅིག་ཨིན་ཟེར་ཞུ་ནི།
དེ་འབདཝ་ལས་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ཡང་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་ འགོ་བཙུགས་པའི་སྐབས་ལས་ར་ དྭངས་གསལ་ཅན་དང་ རང་མོས་རྣམ་དག་གི་བཙག་འཐུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ག་དེམ་ཅིག་ རྩ་འགེངས་རུང་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ ཕྱོགས་བཟུང་གི་ལཱ་ཚུ་ རང་བཞིན་གྱིས་ དུམ་གྲ་རེ་འབདཝ་མ་ཚད་ ལྷན་ཚོགས་ནང་ཡང་ སྙན་ཞུ་ཚུ་ལྷོད་པའི་ ལོ་རྒྱུས་ཡོདཔ་ལས་ དེ་ལུ་ རྣམ་རྟོག་ལང་དགོཔ་ཅིག་ མིན་འདུག་ཟེར་མནོཝ་མས།
དཔེ་འབད་བ་ཅིན་ བཟའ་ཚང་གཅིག་ནང་ཡང་ སངས་མ་རྒྱས་པའི་སེམས་ ཤུགས་ཆེ་ནི་དེ་གིས་ བཟའ་ཚང་ནང་དོག་ལུ་ གཅིག་གིས་གཅིག་ལུ་ ཁ་གཏང་ནི་དང་ འཐབ་འཛིང་འབད་ནི་ཚུ་ ཐོན་དོ་ཡོད་མི་ལུ་ལྟ་བ་ཅིན་ བཙག་འཐུ་ལ་སོགས་པའི་ སྲིད་འབྲེལ་གྱི་གནད་དོན་ཚུ་ནང་ དེ་བཟུམ་མའི་ ལཱ་བྱ་ཚུ་མ་འཐབ་པའི་ དཔེ་མི་སྲིད་ཟེར་ཞུ་ནི།
ང་བཅས་མི་སེར་ཚུ་གི་དོན་ལུ་ སྲིད་དོན་ཚོགས་པ་ ག་གིས་ར་ རྒྱལ་ཁ་ཐོབ་རུང་ ཁྱད་པར་མེད་ཟེར་ ཞུ་ནི་ཨིན་མི་དེ་ཡང་ གཙོ་བོ་ར་ མི་སེར་ཚུ་གི་དོན་ལུ་ ག་ཅི་དགོཔ་སྨོ་ཟེར་བ་ཅིན་ ཚོགས་པ་ཚུ་གིས་ བཙག་འཐུ་མ་འབད་བའི་ཧེ་མར་ རང་སོའི་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་ མི་སེར་ཚུ་གི་གདོང་ཁར་ ཁས་བླངས་གསལ་བསྒྲགས་འབད་ཡོད་མི་ཚུ་ གཞུང་སྐྱོང་བའི་སྐབས་ལུ་ ཁ་དང་ལགཔ་རྟགས་མཐུནམ་སྦེ་ ལག་ལེན་འཐབ་ཚུགས་པ་ཅིན་ འདི་ལས་ལྷག་པའི་ རེ་བ་མེད་ཟེར་ཞུ་ནི།
རྒྱུ་མཚན་འདི་ལུ་བརྟེན་ ད་རེས་ གཞུང་སྐྱོང་གི་ གོ་སྐབས་ཐོབ་མི་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་ལས་འགོ་བཟུང་སྟེ་ འདེམས་ངོ་ཆ་མཉམ་གྱིས་ གཡུས་བཤལ་རྐྱབ་སྟེ་ བསྐུལ་བསྒྲགས་འབད་བའི་སྐབས་ སོ་ནམ་པ་ཚུ་ལུ་ དགོས་མཁོ་ཆེ་བའི་ འཕྲུལ་གླང་པ་ཝར་ཊི་ལར་དང་ སོ་ནམ་ཞིང་ལམ་ སྣུམ་འཁོར་བོ་ལེ་རོ་ལ་སོགས་པའི་ ཞབས་ཏོག་མཐུན་རྐྱེན་ཚུ་ ལེགས་ཤོམ་སྦེ་ གཞི་བཙུགས་འབད་བྱིན་པའི་ རེ་འདོད་ཡོད་ཟེར་ཞུ་ནི།
དེ་བཟུམ་སྦེ་ ཚོང་ལས་འཐབ་མི་ཚུ་གི་དོན་ལུ་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་བྱུང་མི་དེ་ སེལ་ཐབས་འབད་ནི་དང་ དངུལ་ཁང་ཚུ་གིས་ ཨ་རྟག་བཟུམ་སྦེ་ བསྐྱིན་འགྲུལ་བྱིན་ཚུགསཔ་བཟོ་ནི་ དེ་ལས་ སྣུམ་འཁོར་ནང་འདྲེན་བཀག་དམ་ ཡངས་ཆག་གཏང་ནི་ཨིན་ཟེར་མི་དེ་ལུ་ ངལ་རངས་བྱུང་སྟེ་ཡོད་ཟེར་ཞུ་ནི།
ལྷག་པར་དུ་ དབུལ་ཕོངས་ཀྱི་ དཀའ་ངལ་བྱུང་སྟེ་ཡོད་མི་ ཞི་གཡོགཔ་ཉམ་ཆུང་ཚུ་གི་དོན་ལུ་ དངུལ་ཕོགས་ཡར་སེང་དང་འབྲེལ་ ཁང་གླའི་འཐུས་བརྒྱ་ཆ་༢༠ བྱིན་ནི་ཨིན་ཟེར་མི་དེ་ སྤྱི་ཚོགས་༢ པའི་ཚོགས་ཐེངས་དང་པའི་ནང་ར་ གསུང་གྲོས་གནང་སྟེ་ ག་དེས་མགྱོགས་མགྱོགས་ གནང་ཐབས་ཅིག་ཡོད་པ་ཅིན་ རེ་བ་སྦོམ་བསྐྱེད་དེ་ ཚོགས་རྒྱན་བཙུགས་མི་དེ་ཡང་ འཕྲོ་རླག་མ་འགྱོ་བར་ དོན་སྨིན་འབྱུང་ཚུགས་ནི་མས་ཟེར་ ཞུ་ནི་ཨིན།
སྐལ་བཟང་རྒྱ་མཚོ།
ཐིམ་ཕུ་  མུ་ཏིག་ཐང་།

1 comment:

  1. གོང་ལུ་ མི་ཏིག་ཐང་ སྐལ་བཟང་རྒྱ་མཚོ་གྱི་བསམ་འཆར་ཕུལ་མི་ལུ་ མི་ང་རའི་ཁ་ཐུག་ལས་ རྒྱབ་སྐྱོར་ཕུལ་ནི་ཨིན་ཟེར་ཞུ་ནི་། དེ་འབདཝ་ད་ ག་འདེམ་ཅིག་འབད་ སྤྱི་ཚོགས་ ༢ པའི་ཚོགས་ཐེངས་དང་པའི་ནང་ལུ་ གསུང་གྲོས་གནང་མ་ཚུགས་པར་ ལུས་སོང་པ་ཅིན་ གཞུང་འདི་ཧྲམ་དགོཔ་འོང་ཟེར་ཞུ་ནི་། ག་ཆབ་ཟེར་ཞུཝ་ཅིན་ ད་རེས་གཞུང་གསརཔ་ གཞུང་སྐྱོང་གི་གོ་སྐབས་འཐོབ་མི་འདི་ ང་བཅས་ཞི་གཡོགཔ་དང་ དྲག་ཁག་ ༣ གྱི་དམག་སློ་ཚུ་གྱི་ འགྲེམ་ཐོག་ཚོགས་རྒྱན་ལས་བརྟེན་ཨིནམ་ལས་ ད་རེས་གཞུང་སྐྱོང་འཐོབ་མི་ཚུ་གྱི་ ང་བཅས་ཞི་གཡོགཔ་ཚུ་གྱི་དངུལ་ཕོགས་དང་ འགྲུལ་ཕོགས་ འདི་བཟུམ་སྦེ་ ཁང་གླ་འཐུས་རྒྱ་ཆ་ ༢༠ པོ་ག་དེ་མགྱོགས་མགྱོགས་གནང་ཐབས་མཛད་གནང་ཟེར་ཞུ་ནི་ཨིན་། དེ་མེན་ཡ་ལུ་ཞུ་དོ་བཟུམ་ གཞུང་དགོངམ་ཞུ་དགོཔ་འོང་ཟེར་ཞུ་ནི་། རྡོ་རྗེ་ བཀྲིས་སྒང་ཁྲོམ་།

    ReplyDelete