གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲུབ་འབྲས་གསལ་སྟོན་འབདཝ་ད་ མི་མང་ཤོས་ར་ རྣམ་རྟོག་ལང་དགོཔ་བྱུང་ཡོདཔ།

༡༦/༧/༢༠༡༣   ༉ བསྐུལ་བསྒྲགས་མཇུག་མ་བསྡུ་ཚུན་ མི་སེར་མང་ཤོས་ཅིག་གིས་ ཁོང་རའི་ འདེམས་ཁོངས་ནང་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ གཡང་ཁུག་ཚེ་རིང་ཤེར་པ་ གདམ་ཁ་རྐྱབ་ནིའི་ལོ་རྒྱུས་ཡོདཔ་ད་ དེ་ཡང་ མི་སེར་མང་ཤོས་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ རྫོང་ཁ་སླབ་ཐངས་དང་ ག་གིས་ཡང་ འཇམ་ཏོང་ཏོ་སྦེ་ འབྲེལ་བ་འཐབ་ཚུགས་པའི་ཁྱད་ཆོས་ཚུ་ ཁོ་ལུ་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
གསེར་གྱི་ཐང་ རྩི་རང་སྟོད་འདེམས་ཁོངས་ཀྱི་ འདེམས་ངོ་ནོ་བཱིན་ དར་ལ་མི་དང་ ཨུ་དི་ཡ་ ཅཱན་ད་ར་ བཱན་ད་རི།


དེ་འབདཝ་ད་ གྲུབ་འབྲས་གསལ་སྟོན་འབདཝ་ད་ མི་མང་ཤོས་ར་ རྣམ་རྟོག་ལང་དགོཔ་བྱུང་མི་དེ་ཡང་ གྲུབ་འབྲས་དེ་ ཕྱི་འགྱུར་སྦེ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡོ་གེཤི་ ཏ་མང་གིས་ ཚོགས་རྒྱན་གྱངས་ཁ་ ལོག་ལྟབ་ཀྱིས་ མང་དྲགས་པའི་ཐོག་ལས་ རྒྱལ་ཁ་ཐོབ་ནི་དེ་གིས་ཨིན་པས།
ཡོ་གེཤི་ཏ་མང་གིས་ འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་༢ ཆ་རའི་ནང་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་གིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བསྡོམས་༤༥༦༤ དང་ འགྲེམ་ཐོག་ཚོགས་རྒྱན་༧༠༤ ཐོབ་ཡོདཔ་ཨིན་རུང་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་ཡོངས་བསྡོམས་༢༦༠ གིས་ རྒྱལ་ཁ་ཐོབ་མི་ གཡང་ཁུག་ཚེ་རིང་གིས་ ཨི་བི་ཨེམ་འཕྲུལ་ཆས་ཐོག་ ཚོགས་རྒྱན་༢༤༠༠ དང་ འགྲེམ་ཐོག་ཚོགས་རྒྱན་༣༡༨ རྐྱངམ་གཅིག་ཐོབ་སྟེ་ ཕམ་བཏང་ཡོདཔ་ཨིན་པས།
འདེམས་ཁོངས་ནང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་གིས་ རྒྱལ་ཁ་ཐོབ་དགོ་པའི་ གནད་དོན་ངོ་མ་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ཚུ་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་ཚུ་གི་ སེམས་གྱུར་ཡོདཔ་ཨིན་པས།
མནྜལ་སྒང་རྒེད་འོག་ རི་སེར་བུ་ལས་ སྐྱེས་ལོ་༧༢ ལང་མི་ སི་ཨེན་ བཱ་རཱལ་གྱིས་ སླབ་མིའི་ནང་ འཕྲོ་མཐུད་ཤེས་ཡོན་གྱི་དོན་ལུ་ བསྐྱིན་འགྲུལ་བྱིན་ནི་དང་ སྣུམ་འཁོར་བོ་ལེ་རོ་ གནམ་གྲུ་ འཕྲུལ་གླང་ གཡུས་ཁར་སྡོད་མི་ རྒས་ཤོསམ་ཚུ་ལུ་ དངུལ་ཕོགས་བྱིན་མི་ ཚོགས་པ་ལེགས་ཤོམ་དགོཔ་ལས་ དེ་འགྲུབ་ནིའི་ཁས་བླངས་ཚུ་ མི་སེར་དམངས་གཙོ་ཚོགས་པ་ལུ་ཡོད་མི་ལུ་བརྟེན་ ཚོགས་པ་དེ་ལུ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འདས་པའི་གཞུང་གིས་ རྒྱ་འབྲུག་གི་མཐུན་ལམ་ མེདཔ་བཏང་མི་ལུ་བརྟེན་ མེ་རླུང་གེསི་རྒྱ་རྫི་དང་ ས་སྣུམ་གྱི་གོང་ཚད་ཚུ་ གློ་བུར་དུ་ ལོག་ལྟབ་གསུམ་ལྟབ་སྦེ་ ཡར་སེང་རྐྱབ་མི་དེ་གིས་ ང་བཅས་ལུ་ དཀའ་ངལ་སྦོམ་བྱིན་ཏེ་ཡོདཔ་ལས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤ་ཚར་གླིང་རྒེད་འོག་ སྤང་ཐང་གཡུས་ཚན་ནང་ལས་ སྐྱེས་ལོ་༢༨ ལང་མི་ ཨམ་བི་ཀ་ ས་རུ་གིས་ སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཁས་བླངས་གསལ་བསྒྲགས་སྐབས་ ཚོགས་པ་དེ་ རྒྱལ་ཁ་འཐོབ་པ་ཅིན་ སྣུམ་འཁོར་དང་ མི་སེར་སོ་ནམ་པ་ཚུ་ལུ་ ངེས་པར་དུ་མཁོ་བའི་ འཕྲུལ་གླང་པ་ཝར་ཊི་ལར་དང་ དེ་གི་ནང་ལས་ཡང་ མི་རྩིས་ཀྱི་དཀའ་ངལ་དང་ ས་ཆའི་སྟབས་མ་བདེཝ་ཚུ་ བསལ་ནིའི་ཁས་བླངས་འབད་མི་ལུ་བརྟེན་ ཚོགས་པ་ལུ་བཙུགས་ཅི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ བཟའ་ཚང་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༡༣ ཡོད་མི་ཚུ་ ཆ་མཉམ་གྱིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ བཙུགས་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤང་ཐང་གཡུས་ཚན་ནང་ལས་ སྐྱེས་ལོ་༣༦ ལང་མི་ ཇིཊང་བཱ་དྷུར་ལུ་ཡང་ མི་རྩིས་དང་སའི་དཀའ་ངལ་ དེ་ལས་ བརྒྱ་ཆ་ལས་བརྒྱ་ཆ་ ལཱ་གཡོག་གི་དཀའ་ངལ་བསལ་ནི་ཟེར་ ཁས་བླངས་འབད་མི་ལུ་བརྟེན་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།
ངེ་གི་མི་རྩིས་དེ་ ཕཱོམ་༤ པའི་ནང་ཡོདཔ་ད་ ས་ཆ་ཚུ་ཡང་ མཐའ་ཟུར་ལུ་ རི་དྭགས་སེམས་ཅན་ཚུ་འཁྱམས་སར་ཡོདཔ་མ་ཚད་ ང་རའི་བུ་དེ་ སློབ་རིམ་༡༠ པ་མཇུག་བསྡུ་ཞིནམ་ལས་ ལཱ་གཡོག་མ་ཐོབ་པར་ཡོདཔ་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ དེ་ཚུ་བསལ་ཚུགས་པའི་ཁས་བླངས་འབད་ནི་དེ་གིས་ འདེམས་ངོ་མ་བལྟ་བར་ ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ཅི་ཟེར་ ཇིདི་བཱ་དྷུར་གྱིས་ བཤདཔ་ཨིན་པས།
ཨིན་རུང་ ཚོགས་རྒྱན་བཙུགས་མི་དག་པ་ཅིག་ལུ་འབད་བ་ཅིན་ བསྒྱུར་བཅོས་ཀྱི་དོན་ལུ་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
རི་སེར་བུ་ལས་ སྐྱེས་ལོ་༢༥ ལང་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་མི་དེ་ཡང་ འགྱུར་བ་གི་དོན་ལུ་རྐྱངམ་གཅིག་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤ་ཚར་གླིང་རྒེད་འོག་ནང་ལས་ བདེ་སྐྱིད་ཀྱིས་ཡང་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་མི་དེ་ འགྱུར་བ་དགོ་ནིའི་དོན་ལུ་ཨིན་ཟེར་ཨིནམ་ད་ མོ་གིས་ སླབ་མིའི་ནང་ འདས་པའི་བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པ་ལུ་ གོ་སྐབས་བྱིན་ཡོདཔ་ལས་ ད་རེས་ གོ་སྐབས་སོ་སོ་ལུ་བྱིན་དགོ་མི་དེ་ཡང་ མི་གཅིག་རྐྱངམ་གཅིག་ ཡར་དྲག་བཏག་བཅུག་ནི་མེན་པར་ གཞན་ལུ་ཡང་ གོ་སྐབས་བྱིན་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཨིན་རུང་ གསེར་གྱི་ཐང་ རྩི་རང་སྟོད་འདེམས་ཁོངས་ནང་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ནོ་བཱིན་ དར་ལ་མི་གིས་ རྒྱལ་ཁ་ཐོབ་མི་དེ་ མང་ཤོས་ཅིག་གིས་ རེ་བ་བསྐྱེད་མི་དང་འཁྲིལ་ སོང་ཡོདཔ་ཨིན་པས།
ཁོ་གིས་ འགོ་ཐོག་གི་ བཙག་འཐུ་ནང་ལུ་ཡང་ ཚོགས་རྒྱན་གྱངས་ཁ་༡༩༤ གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ རྫོང་ཁ་ལེགས་ཤོམ་སྦེ་སླབ་ཚུགས་མི་དེ་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འཐོབ་ནི་ལུ་ ཁེ་ཕན་ཅིག་ཨིནམ་མ་ཚད་ དེ་གི་ཐོག་ཁར་ ཁས་བླངས་གསལ་བསྒྲགས་ཚུ་ལུ་བརྟེན་ སྤྱིར་བཏང་ནང་ ཧ་ལམ་ལོག་ལྟབ་ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཁོ་གིས་ཡང་ འཕྲུལ་ཆས་ཐོག་དང་ འགྲེམ་ཐོག་༢ ཆ་རའི་ནང་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་གིས་ ཚོགས་རྒྱན་བསྡོམས་༤༢༣༡ དང་ འགྲེམ་ཐོག་ཚོགས་རྒྱན་༧༠༠ ཐོབ་ཡོད་རུང་ ཁོ་གི་དོ་འགྲན་པ་ སྐྱེས་ལོ་༤༥ ལང་མི་ ཨུ་དི་ཡང་ ཅཱན་ད་ར་གིས་ འཕྲུལ་ཆས་ཐོག་ལུ་ཚོགས་རྒྱན་༢༨༠༡ དང་ འགྲེམ་ཐོག་ཚོགས་རྒྱན་༢༥༥ ལས་བརྒལ་ མ་ཐོབ་ཨིན་པས།
བཙག་འཐུ་མཇུག་བསྡུ་བའི་ཤུལ་ལས་ ཚོགས་པ་དེ་ གཞུང་སྐྱོང་གི་གོ་སྐབས་ཐོབ་ཡོདཔ་ད་ ཁས་བླངས་ཚུ་ ག་དེ་སྦེ་ འགྲུབ་ཚུགས་ག་ ལྟ་སྟེ་ར་སྡོད་འོང་ཟེར་ཨིན་པས།
དཀྱིལ་འཁོར་ཐང་རྒེད་འོག་ནང་ལས་ ཀུན་བཟང་གིས་ སླབ་མིའི་ནང་ ཚོགས་པའི་ཁས་བླངས་ཚུ་ལུ་བརྟེན་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ ཁས་བླངས་གསལ་བསྒྲགས་འབད་མི་ཚུ་ འགྲུབ་ནི་ལུ་ ཁ་དང་ལགཔ་རྟགས་མཐུན་ཏེ་ ག་དེ་སྦེ་ འབདཝ་མས་ག་ ལྟ་སྟེ་ར་སྡོད་འོང་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་ རྣམ་རྒྱལ།

No comments:

Post a Comment