གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱིར་བཏང་བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༡༤/༧/༢༠༡༣   ༉ ཁ་ཙ་ འབྲུག་གི་སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་ མཇུག་བསྡུཝ་དང་འབྲེལ་ འབྲུག་མི་ཚུ་གིས་ དང་འདོད་གསལ་སྟོན་ཀྱི་གྲུབ་འབྲས་ཐོག་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ཁོངས་༣༢ ནང་ལས་ རྒྱལ་ཁ་ཐོབ་སྟེ་ གཞུང་སྐྱོང་དང་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་༡༥ རྒྱལ་ཁ་ཐོབ་མི་ལུ་བརྟེན་ ལྡོག་ཕྱོགས་ཚོགས་པ་སྦེ་ ཕྱག་ཞུ་ནི་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས།


མ་གཞི་བཙག་འཐུ་དེ་ ཚོགས་རྒྱན་འཕྲུལ་ཆས་ཐོག་གི་ གྲུབ་འབྲས་ལུ་ལྟ་བ་ཅིན་ དོ་འགྲན་ཅན་ཅིག་སྦེ་བྱུང་ཡོད་པའི་ མངོན་གསལ་ཡོད་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཤར་ཕྱོགས་ཀྱི་འདེམས་ཁོངས་༥ དང་ མགར་ས་ལས་ འགྲེམ་ཐོག་ཚོགས་རྒྱན་མ་བརྩི་བར་ འཕྲུལ་ཆས་ཚོགས་རྒྱན་ཐོག་གི་ གྲུབ་འབྲས་ལུ་ལྟ་བ་ཅིན་ རྒྱལ་ཁ་ཐོབ་ཡོདཔ་ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་ལུ་ལྷོདཔ་ད་ དམངས་གཙོ་ཚོགས་པ་གིས་ ལེ་ཤ་གིས་ཁྱད་པར་ཐོན་མི་ལུ་བརྟེན་ ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་ཐོབ་མ་ཚུགས།
དཔེ་འབད་བ་ཅིན་ བཀྲིས་སྒང་བཀང་ལུང་ བསམ་མཁར་ལུ་འབད་བ་ཅིན་ འཕྲུལ་ཆས་ཚོགས་རྒྱན་ནང་ལས་ ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༢༢༣༢ དང་ དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༡༩༤༦ ཐོབ་ཡོདཔ་ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་ནང་ལྷོདཔ་ད་ ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༥༠༩ ལས་མ་ཐོབ་པའི་ཁར་ དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༧༧༩ ཐོབ་ཡོདཔ་ལས་ འགྲེམ་ཐོག་ཚོགས་རྒྱན་༢༩༡ གི་ ཁྱད་པར་ཐོན་ནུག།
དེ་བཟུམ་སྦེ་ རམ་འཇར་ཁམས་དྭངས་འདེམས་ཁོངས་དང་ མོང་སྒར་འདེམས་ཁོངས་ ཝམ་རོང་དང་ བདེ་བ་ཐང་སྒོམ་དར་འདེམས་ཁོངས་ དེ་ལས་ མགར་ས་གི་ ཁ་སྨད་ལུང་ནག་ནང་གི་ འདེམས་ཁོངས་ཚུ་ནང་ཡང་ འཕྲུལ་ཆས་ཚོགས་རྒྱན་ཐོག་གི་ གྲུབ་འབྲས་ནང་ ཕུན་སུམ་ཚོགས་པའི་ ཚོགས་རྒྱན་མངམ་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་དེ་ དམངས་གཙོ་ཚོགས་པ་ལུ་ མཐོ་དྲགས་ཡོདཔ་ལས་ འདེམས་ཁོངས་དེ་ཚུའི་ནང་ལས་ དམངས་གཙོ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་ལུ་བརྟེན་ རྒྱལ་ཁ་ཐོབ་ནུག།
མ་གཞི་ འདེམས་ཁོངས་མང་ཤོས་ཅིག་ནང་ འགྲེམ་ཐོག་ཚོགས་རྒྱན་དེ་ རྒྱ་ཆེ་དྲགས་སྦེ་ དམངས་གཙོ་ཚོགས་པ་ལུ་བཏང་ཡོདཔ་མ་ཚད་ མ་འོངས་གཞུང་སྐྱོང་གི་བློན་ཆེན་གསརཔ་དང་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་ཚེ་རིང་སྟོབས་རྒྱས་ཀྱིས་ ཚོགས་རྒྱན་གྱི་ཉིནམ་ མ་རནམ་ཅིག་ཁར་ མཇུག་གི་གསལ་བཤད་ནང་ འགྲེམ་ཐོག་ཚོགས་རྒྱན་དེ་མངམ་ར་ དམངས་གཙོ་ཚོགས་པ་ལུ་བཏང་ཡོད་པའི་ མངོན་གསལ་བྱུང་ཡོདཔ་སྦེ་ སླབ་ཡོདཔ་བཞིན་དུ་ དམངས་གཙོ་ཚོགས་པ་ལུ་བསྐྱལ་ནུག།
དེ་བཟུམ་སྦེ་ ཚོགས་པ་གིས་ ལྷོ་ཕྱོགས་ཀྱི་ འདེམས་ཁོངས་ཚུ་ནང་ལས་ ག་ར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཚུགསཔ་འབད་ནི་གི་ རེ་བ་བསྐྱེད་ཡོད་མི་དང་བསྟུན་ གསར་སྤང་དང་ བསམ་རྩེ་ དེ་ལས་ རྩི་རང་རྫོང་ཁག་གི་ འདེམས་ཁོངས་ཆ་མཉམ་ལས་ གྲུབ་འབྲས་གསལ་སྟོན་སྐབས་ དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ནུག།
སྤྱིར་བཙག་འཐུ་ཐེངས་༢ པའི་ནང་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༦༦ ལྷགཔ་ཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

2 comments:

  1. བསམ་འཆར་ མི་སེར་གམང་གཙོ་ཚོགས་པ་གྱི་བསྐུལ་བསྒྲགས་འབད་བ་བཞིན་དུ་ ང་བཅས་མི་སེར་དང་གཞུང་གཡོགཔ་ཆ་མཉམ་གྱི་རྒྱབ་སྐྱོར་ཕུལ་སྟེ་ མི་སེར་དམང་གཙོ་ཚོགས་པ་ གཞུང་སྐྱོང་གྱི་གོ་སྐབས་འཐོབ་ཡོདཔ་ལས་ ང་བཅས་གེ་ར་སེམས་དགའ་ ངལ་རང་ཡི་། དེ་འབདཝ་ད་ མི་སེར་དམང་གཙོ་ཚོགས་པ་གྱི་བསྐུལ་བསྒྲགས་འབད་བའི་སྐབས་སུ་ ག་ཅི་དང་ཅི་བྱིན་ནི་སྦེ་བསྐུལ་བསྒྲགས་འབད་ཡི་ག་འདི་ཚུ་གེ་ར་སེམས་ཁར་བཞག་ཏེ་སྦེ་འོང་མནོ་བའི་རེ་བ་བསྐྱེད་དོ་། ག་འདེམ་ཅིག་སྦེ་ ཁ་དང་ལགཔ་རྟགས་མ་མཐུནམ་ཡར་སོང་པ་ཅིན་ རང་གི་རང་སེམས་ཀྱི་འཚོར་བཞིན་ན་ གོང་ཞུ་འབད་དགོཔ་འོང་། དེ་འབད་སླབ་གོ་པའི་འབྱུངམ་མཚན་དེ་ཡང་ མི་སེར་དམང་གཙོ་ཚོགས་པ་འདེམས་ངོ་ཚུ་གྱི་ བྱི་ལི་ཁའི་ནང་ལས་ཤ་འཕྱོགས་འབག་དོ་བཟུམ་ འབག་ཡོདཔ་ལས་ མནོ་བསམ་ཐེབས་གཏང་ཏེ་ཕྱག་ལ་མཛད་དགོཔ་འོང་། དེ་འབད་ཞུ་དགོ་མི་དེ་ཡང་ མི་སེར་དམང་གཙོ་ཚོགས་པའི་འདེམས་ངོ་དང་ གཙོ་འཛིན་ཁོ་རང་ལས་བཅད་དེ་ མི་སེར་ཁ་དབང་ཡོད་མི་ཚུ་ལུ་ ཁ་ལྷུ་རྐྱབ་ མི་སེར་ཁ་དབང་མེད་མི་བཟུམ་ཚུ་ལུ་འབདཝ་ཅིན་ ནང་སུ་ཏི་རུ་དང་བཀབ་གོ་ལ་ཚུ་བྱིན་ ཞི་གཡོག་ཚུ་ལུ་འབད་བ་ཅིན་ དངུལ་ཕོགས་དང་ ཁང་གླ་ དེ་ལས་ འགྲུལ་ཕོགས་ཚུ་ ཡར་སེང་རྐྱབ་བྱིན་ནི་ཟེར་བའི་ ལོ་རྒྱུས་ འདྲ་སྨིན་སྣ་ཚོགས་ སླབ་སྟེ་ རྒྱལ་ཁ་འཐོ་འཐོབ་ཀྱི་ ཚོགས་པ་ལུ་ ང་བཅས་མི་སེར་ཚུ་འདི་ ག་ཅི་སེམས་མི་འཕམ་ནི་ ལྷག་པར་དུ་ ཁྱིམ་ཚང་ རྒྱལ་ཁབ་ རྒྱ་གར་དང་ ནེ་པར་ ཚུ་ལས་འོང་མི་བརྡ་བརྒྱུད་པ་ཚུ་ཡང་སེམས་འཕམ་ཡོད་པའི་ལོ་རྒྱུས་སླབ་མས་། དེ་འབདཝ་ལས་ ད་རེས་གཞུང་གསརཔ་ལུ་ ཡིད་ཆེ་དགོཔ་རྩ་ལས་མེད་ཟེར་ཞུ་ནི་ཨིན་། རྟ་མགྲིན་བསམ་རྩི་ཁྲོམ་།

    ReplyDelete
  2. ཧི་ཧི་ ནི་བཟུམ་གྱི་བསམ་འཆར་བཀོདཔ་ད་ ཁྱོད་རང་གིས་ཁྱོད་རང་ལུ་ དྲི་བ་རེ་བཀོད་ལྟ་ཡི་ག་སྨོ? དོན་ངོ་མ་འབད་བ་ཅིན་ ཁྱོད་ཀྱིས་མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་མ་འབདཝ་བཟུམ་ཅིག་ཚོརཝ་མས། གལ་སྲིད་རྒྱབ་སྐྱོར་མ་གནང་པ་ཅིན་ ནི་བཟུམ་གྱི་ལོ་རྒྱུས་བྲིས་ཏེ་ཁུངས་མིན་འདུག། ངོ་མ་འབད་བ་ཅིན་ རྒྱབ་སྐྱོར་འབད་མི་ཚུ་གིས་རེ་འདོད་ཨིན་མས།

    ReplyDelete