གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་རྫོང་ཁག་ བཙག་འཐུའི་དོན་ལུ་ གྲ་སྒྲིག་ཡོདཔ།

༡༡/༧/༢༠༡༣   ༉ ད་རིས་ཉིན་མ་དང་ ཕྱི་རུ་ཁམས་ཅིག་ཁར་ བཀྲིས་སྒང་རྫོང་ཁག་གི་ འདེམས་ཁོངས་༥ གི་ ཚོགས་རྒྱན་ས་ཁོངས་འགོ་དཔོན་དང་ སྲུང་སྐྱོབ་དམག་མི་ཚུ་རྩིས་ཏེ་ ལས་བྱེདཔ་༧༣༡ ཚོགས་རྒྱན་ས་ཁོངས་༧༩ ནང་ ལྷོད་ནི་ཨིནམ་བཞིན་དུ་ ཁོང་གིས་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ སྤྱིར་བཏང་བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་འོང་ཟེར་ རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
བཀྲིས་སྒང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་ ཚོགས་རྒྱན་ས་ཁོངས་འགོ་དཔོན་༩༡ ལུ་ དྲན་གསོའི་སློབ་སྦྱོང་བྱིན་པའི་བསྒང་།


དེ་ཡང་ རྒྱལ་ཁབ་ནང་ འདེམས་ཁོངས་མཐོ་ཤོས་ཨིན་མི་ བཀྲིས་སྒང་རྫོང་ཁག་གི་ ཚོགས་རྒྱན་ས་ཁོངས་འགོ་དཔོན་མང་ཤོས་ར་ ད་རིས་དྲོ་པ་ལས་ རང་སོའི་ཚོགས་རྒྱན་ས་ཁོངས་ནང་ འགྱོ་དོ་ཡོདཔ་ད་ རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༧༩ ཡོད་མི་ལུ་ སྡེ་ཁྲིད་འགོ་དཔོན་༧༩ དང་ ཚོགས་རྒྱན་ས་ཁོངས་འགོ་དཔོན་༣༩༥ དེ་ལས་ ཉེན་སྲུང་འགོ་དཔོན་༢༠ རྩིས་ཏེ་ སྲུང་སྐྱོབ་དམག་མི་༢༣༧ བཏང་ཡོདཔ་ཨིན་པས།
སྡེ་ཁྲིད་འགོ་དཔོན་དང་ ཚོགས་རྒྱན་འགོ་དཔོན་བརྒྱ་ཆ་༩༥ དེ་ཅིག་ སློབ་གྲྭ་ཁག་སོ་སོའི་སློབ་དཔོན་དང་ སློབ་གྲྭའི་ལས་བྱེདཔ་ཚུ་ཨིན་པས།
དེ་འབདཝ་ད་ ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་ ཚོགས་རྒྱན་ས་ཁོངས་ལ་ལུ་ཅིག་ ཐག་རིང་སར་ཡོད་མི་ལུ་བརྟེན་ ཚོགས་རྒྱན་ས་ཁོངས་འགོ་དཔོན་དང་ སྲུང་སྐྱོབ་དམག་མི་ཚུ་ སྤྱི་ཟླ་༧ པའི་ཚེས་༧ ལས་འགྱོ་ནི་ འགོ་བཙུགས་ཡོདཔ་ལས་ ལ་ལུ་ཅིག་ ཚོགས་རྒྱན་ས་ཁོངས་ནང་ ཁ་ཙ་ ལྷོད་ཡོདཔ་མ་ཚད་ ལ་ལུ་ཅིག་ ད་རིས་ ལྷོད་ནི་ཨིན་པས།
དེ་ཡང་ མེ་རག་རྒེད་འོག་གི་ མཐའ་ཟུར་ས་གནས་དེ་ ཁ་ཤ་སྟེང་དང་ ཁི་ལི་ཕུག་༢ ཨིནམ་ད་ ཁ་ཤ་སྟེང་ཚོགས་རྒྱན་ས་ཁོངས་ནང་འགྱོ་མི་ སྡེ་ཚན་དེ་ སྤྱི་ཟླ་༧ པའི་ཚེས་༧ ལུ་ བསམ་གྲུབ་ལྗོངས་མཁར་ལས་བརྒྱུད་དེ་ ཇོ་མོ་གཙང་ཁ་ལུ་ སོང་ཡི་ཟེར་ ངོས་ལེན་འགོ་དཔོན་ པདྨ་ཚེ་དབང་གིས་ བཤདཔ་ཨིན་པས།
ཚོགས་རྒྱན་ས་ཁོངས་འགོ་དཔོན་ཚུ་ བསམ་གྲུབ་ལྗོངས་མཁར་བརྒྱུད་དེ་ ཇོ་མོ་གཙང་ཁ་ལུ་ བཏང་མི་དེ་ཡང་ མེ་རག་ལས་ འགྱོ་བ་ཅིན་ ཇོ་མོ་གཙང་ཆུ་བྲེས་མི་ལས་བརྒལ་ཏེ་ འགྱོ་དགོཔ་ལས་ གནོད་ཉེན་ཡོད་ནི་དེ་གིས་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
སྡེ་ཚན་གཞན་དེ་ སྤྱི་ཟླ་༧ པའི་ཚེས་༩ ལུ་ ཁི་ལི་ཕུག་ལུ་ སོང་ཡོདཔ་ད་ ཁ་ཙ་ ཁོང་ཆ་ཁྱབ་ མེ་རག་ལས་ སོང་ཡོདཔ་ལས་ ད་རིས་ཕྱི་རུ་ ཚོགས་རྒྱན་ས་ཁོངས་ནང་ ལྷོད་འོང་ཟེར་ ངོས་ལེན་འགོ་དཔོན་གྱིས་ བཤད་པའི་ཁར་ སྡེ་ཚན་གཉིས་དང་གཅིག་ཁར་ གསོ་བའི་ལས་བྱེདཔ་རེ་ བཏང་ཡི་ཟེར་ སླབ་ཨིན་པས།
དེ་ལས་ མེ་རག་དང་ སག་སྟེང་གི་ ཚོགས་རྒྱན་ས་ཁོངས་འགོ་དཔོན་ཚུ་ ད་རིས་ལས་ འགྱོ་ནི་ཨིན་པས།
ཁྲིམས་ཤིང་-རྐང་པ་རའི་ འདེམས་ཁོངས་ཀྱི་ ཚོགས་རྒྱན་ས་ཁོངས་འགོ་དཔོན་ཚུ་ ཁ་ཙ་ཉིན་མ་ལས་ བཏང་ཡོདཔ་ཨིན་པས།
བར་མཚམས་-གཤོང་ཕུག་འདེམས་ཁོངས་དང་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་༢ ཀྱི་ ཚོགས་རྒྱན་ས་ཁོངས་འགོ་དཔོན་ཚུ་ཡང་ ད་རིས་དྲོ་པ་ལས་ རང་སོའི་ཚོགས་རྒྱན་ས་ཁོངས་ནང་ འགྱོ་དོ་ཡོདཔ་ད་ ཁ་ཙ་ འདེམས་ཁོངས་གཉིས་ཆ་རའི་ ཚོགས་རྒྱན་ས་ཁོངས་འགོ་དཔོན་ཚུ་ལུ་ བཙག་འཐུའི་བྱ་རིམ་སྐོར་ལས་ དྲན་གསོའི་སློབ་སྦྱོང་བྱིན་མི་དེ་ འདེམས་ཁོངས་༥ ལས་ མཇུག་ཨིན་པས།
བར་མཚམས་-གཤོང་ཕུག་འདེམས་ཁོངས་ཀྱི་ དྲན་གསོའི་སློབ་སྦྱོང་དེ་ རང་འབྱུང་འབྲིང་རིམ་སློབ་གྲྭ་གོང་མ་དང་ བཀང་ལུང་-བསམ་མཁར་འདེམས་ཁོངས་ཀྱི་དོན་ལུ་ བཀྲིས་སྒང་སློབ་གྲྭའི་ནང་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་ས་ཁོངས་འགོ་དཔོན་ཚུ་ལུ་ བཙག་འཐུའི་བཅའ་ཡིག་ནང་ འབད་ཆོག་མི་ཆོག་ གསལ་བཀོད་འབད་མི་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་མི་གིས་མ་ཚད་པར་ ཁོང་གི་འགན་ཁུར་དང་ ཀུན་སྤྱོད་རྣམ་གཞག་གི་སྐོར་ལས་ཡང་ གསལ་བཤད་འབད་ཡི།
བཀྲིས་སྒང་རྫོང་ཁག་ནང་ འགྲེམ་ཐོག་དང་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ ཕོ་སྐྱེས་༢༠,༡༡༢ དང་ ཨམ་སྲུ་༢༡,༣༩༨ འབདཝ་ད་ ཚོགས་རྒྱན་སྐྱུར་མི་ ཡོངས་བསྡོམས་༤༡,༥༡༠ ཡོད་མི་དེ་ བསམ་རྩེ་རྫོང་ཁག་གི་ཤུལ་ལས་ཨིན་རུང་ འདེམས་ཁོངས་ཀྱི་ཐད་ལུ་ རྫོང་ཁག་སྦོམ་ཤོས་ཅིག་ཨིན་མས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དབང་འདུས་ནོར་བུ་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ འཕྲིན་ལས་ནོར་བུ་༢ ཀྱི་བར་ན་ དོ་འགྲན་འབད་མི་ བར་མཚམས་-གཤོང་ཕུག་འདེམས་ཁོངས་ནང་ ཚོགས་རྒྱན་ས་ཁོངས་༢༠ དང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ ཕོ་སྐྱེས་༤,༧༩༣ དང་ ཨམ་སྲུ་༥,༢༦༦ འབདཝ་ད་ མི་གྲངས་བསྡོམས་༡༠,༠༥༩ ཡོད་མི་དེ་ མཐོ་ཤོས་ཨིན་པས།
དེ་གི་ཤུལ་ལས་ར་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ འཇིགས་མེད་དབང་ཕྱུག་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཀུན་ལེགས་རྡོ་རྗེའི་ ར་ལྡི་-སག་སྟེང་འདེམས་ཁོངས་ནང་ཡང་ ཚོགས་རྒྱན་ས་ཁོངས་༢༠ ཡོདཔ་ཨིན་རུང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ ཕོ་སྐྱེས་༤,༠༤༢ དང་ ཨམ་སྲུ་༤,༢༩༩ འབདཝ་ད་ མི་གྲངས་༨,༣༤༡ ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དཔལ་ལྡན་འཕྲིན་ལས་རྡོ་རྗེ་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་ཕྱུག་༢ ཀྱི་འདེམས་ཁོངས་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་ལུ་ ཚོགས་རྒྱན་ས་ཁོངས་༡༧ དང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ ཕོ་སྐྱེས་༤,༧༠༤ དང་ ཨམ་སྲུ་༤,༩༥༥ འབདཝ་ད་ མི་གྲངས་༩,༦༥༠༩ ཡོད་མི་དེ་ རྫོང་ཁག་ནང་ མཐོ་ཤོས་༢ པ་ཨིན་པས།
ཚོགས་རྒྱན་ས་ཁོངས་༡༢ ཡོད་མི་ ཝམ་རོང་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ ཕོ་སྐྱེས་༣,༥༦༣ དང་ ཨམ་སྲུ་༣,༧༡༤ འབདཝ་ད་ མི་གྲངས་༧,༢༧༧ ཡོད་མི་གིས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ལྷ་ཀྲུ་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཀརྨ་བསྟན་འཛིན་༢ ལས་༡ བཙག་འཐུ་འགྲུབ་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་པས།
དེ་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཆོས་སྐྱིད་དབང་མོ་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྡོ་རྗེ་ཆོས་སྒྲོན་༢ ཀྱི་བར་ན་ དོ་འགྲན་འབད་མི་ ཁྲིམས་ཤིང་འདེམས་ཁོངས་ནང་ ཚོགས་རྒྱན་སྐྱུར་མི་ ཕོ་སྐྱེས་༡,༦༢༠ དང་ ཨམ་སྲུ་༡,༧༠༣ བསྡོམས་ཏེ་ མི་གྲངས་༣,༣༢༣ དང་ ཚོགས་རྒྱན་ས་ཁོངས་༡༠ ཡོདཔ་ཨིན་པས།
འགོ་ཐོག་བཙག་འཐུའི་སྐབས་ སྲིད་དོན་ཚོགས་པ་༤ ལུ་ རྒེད་འོག་༡༥ གི་ ཚོགས་རྒྱན་ས་ཁོངས་༧༩ ནང་ འགྲེམ་ཐོག་ཚོགས་རྒྱན་༥,༦༧༢ རྩིས་ཏེ་ ཚོགས་རྒྱན་བསྡོམས་༢༠,༡༡༣ བཙུགས་ཡོད་པའི་གནས་ཚུལ།

བཀྲིས་སྒང་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment