གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡༡/༧/༢༠༡༣   རྒྱལ་ཁབ་ཀྱི་ འཕྲལ་ཕུགས་གཉིས་ལུ་ཕན་པའི་ བསམ་ཞིབ་གནང་དགོཔ།
༉ ང་བཅས་རའི་ འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་འདི་ ལྷ་དཀོན་མཆོག་ཚུ་གི་ ཐུགས་རྗེ་བྱིན་རླབས་དང་ སྔོན་བྱོན་རྒྱལ་མ་གོངམ་ དེ་ལས་ ཕམ་བཟངམ་ཚུ་གི་བཀའ་དྲིན་ལུ་བརྟེན་ སྒྲ་འབྲུ་ཙམ་གྱི་ཉམས་ཆག་མེད་པར་ ཕ་ལས་བུ་ བུ་ལས་ཚ་སྦེ་ རིམ་པ་བཞིན་དུ་ རྩིས་སྤྲོད་འབད་དེ་ འོང་ནུག་ཟེར་ཞུ་ནི།


ལྷག་པར་དུ་ ད་ལྟོ་ རྩ་བ་གསུམ་གྱི་ དྲིན་ཅན་གྱི་ཕམ་ འབྲུག་རྒྱལ་བཞི་པ་མཆོག་གིས་ མི་ལོ་༣༤ གི་རིང་ལུ་ སྐུ་སྲོག་མན་ཚད་ བློས་བཏང་ཐོག་ལས་ རྒྱལ་ཁབ་ཀྱི་ རང་བཙན་སྲུང་སྐྱོབ་དང་ ཞི་བདེ་དགའ་སྐྱིད་ཚུ་ སྔར་ལས་ལྷགཔ་སྦེ་ ཡར་རྒྱས་བཏང་གནང་ཡི་ཟེར་ཞུ་ནི།
དེ་སྦེ་གནང་པའི་མཐའ་མར་ ཞི་བདེ་ཕུན་ཚོགས་ཅན་གྱི་ རྒྱལ་བརྒྱུད་ཀྱི་གཞུང་འདི་ མི་དབང་མཆོག་གིས་ ང་བཅས་ར་ རྒྱལ་བློན་འབངས་གསུམ་ལུ་ མི་འདོད་བཞིན་དུ་ འཛམ་གླིང་ཀུན་ལུ་ མིག་དཔེར་འོས་ཤིང་ ཁྱད་དུ་འཕགས་པའི་ རྩ་ཁྲིམས་ཅན་གྱི་དམངས་གཙོའི་རིང་ལུགས་ཀྱི་གཞུང་ལུ་ བསྒྱུར་བཅོས་གནང་སྟེ་ སྤྱི་ཚོགས་དང་པའི་བཙག་འཐུ་དང་ གཞུང་སྐྱོང་གི་གྲུབ་འབྲས་ཡང་ ལེགས་ཤོམ་སྦེ་ར་ བྱུང་ཡི་ཟེར་ཞུ་ནི།
དེ་འབདཝ་ད་ དུས་ཅི་ སྤྱི་ཚོགས་གཉིས་པའི་དོན་ལུ་ དོ་འགྲན་འབད་མི་ སྲིད་ཚོགས་ཀྱིས་ མི་མང་རྩོད་བསྡུར་ཚུ་འབད་བའི་སྐབས་ལུ་ རྒྱལ་ཁབ་གོང་འཕེལ་གྱི་སྐོར་ལས་ སླབ་ནིའི་ཚབ་ལུ་ སྒོང་རྡོག་ལས་ཟུར་འཚོལ་དོ་བཟུམ་སྦེ་ གནམ་གྲུ་ཧེ་ལི་ཀོབ་ཊར་ལས་ འགོ་བཟུང་སྟེ་ ཐིག་ཚད་མེད་པའི་ཁས་བླངས་དང་ ག་གུ་མེད་པའི་ དང་ཕུ་གི་ ས་ཆའི་རྩོགས་རྙོགས་ཚུ་ཡང་ ཡོད་ཚད་མེད་ཚད་སློངས་ཏེ་ ཕུངས་བརྡུངམ་མ་ཚད་ ཐ་ན་ རྒྱ་འབྲུག་དང་ རྒྱ་ནག་གི་ ཕུངས་ཚིག་ཚུ་མན་ཚད་ སློངས་མི་དེ་གིས་ མི་མང་ལུ་ ཡིད་ཆེས་མེད་པའི་ཁར་ རྣམ་རྟོག་དང་ ཚ་གྱང་སྦོམ་སྦེ་ར་ ལང་བཅུག་ཡི་ཟེར་ཞུ་ནི།
རྒྱུ་མཚན་དེ་གིས་འབད་ སྤྱིར་བཏང་མི་མང་དང་ ལྷག་པར་དུ་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཡིད་ཆེས་ཡོད་མི་དང་ རྒྱབ་སྐྱོར་པ་ཚུ་ཡང་ དམངས་གཙོ་ཚོགས་པ་ལུ་ བློ་ཁ་བསྒྱུར་བཅུག་སྟེ་ རྒྱབ་སྐྱོར་འབད་ནི་གི་ ལོ་རྒྱུས་ཚུ་ གོཝ་མས་ཟེར་ཞུ་ནི།
འདི་བཟུམ་མའི་ ལོ་རྒྱུས་ཚུ་གོ་མི་དེ་ལུ་ བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ངོས་ལེན་ག་ཅི་ར་ མཛད་གནང་ཡི་ག?
གལ་སྲིད་ དམངས་གཙོའི་རིང་ལུགས་ཨིནམ་ལས་ ཁྱད་མེད་ཟེར་མནོ་བ་ཅིན་ དེ་གིས་ མི་མང་གི་ཚོགས་རྒྱན་ཚུ་ རང་མོས་རྣམ་དག་ཐོག་ལས་ ལྕོགས་གྲུབ་ཅན་དང་ ཕན་ཐོགས་ཅན་གྱི་གཞུང་ བཙག་འཐུ་འབད་ཚུགས་ག?
ད་ཚུན་ ཕུངས་བརྡུང་དགོ་པའི་ གནད་དོན་གཙོ་བོ་ར་ རྒྱལ་ཁབ་ཀྱི་འཕྲལ་ཕུགས་གཉིས་ལུ་ མནོ་བསམ་མ་བཏང་པར་ རང་རྐྱང་གི་མནོ་བསམ་ཐོག་ལས་ ལོ་ལྔའི་གཞུང་སྐྱོང་གི་རྒྱལ་ཁ་དང་ མིང་གཏམ་གྱི་དོན་ལུ་ཨིན་མས་ཟེར་ཞུ་ནི།

དེ་འབདཝ་ལས་ ང་བཅས་ར་ མི་མང་ཡོངས་ཀྱིས་ ཚོགས་རྒྱན་གྱི་ཉིནམ་ལུ་ ཐུགས་བག་ཡེངས་མ་ཤོར་བར་ རང་མོས་རྣམ་དག་ཐོག་ལས་ ལྕོགས་གྲུབ་ཅན་དང་ ཕན་ཐོགས་ཅན་གྱི་གཞུང་ཅིག་ བཙག་འཐུ་འགྲུབ་ནི་ལུ་ དྲན་ཤེས་བཏོན་གནང་ཟེར་ ཞུ་ནི་ཨིན། 
ཀུན་ཕན་ལྷ་ཚོ། བསམ་རྩེ་རྫོང་ཁག།

No comments:

Post a Comment