གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁག་གཞན་ཁར་སྡོད་མི་ མོང་སྒརཔ་བརྒྱ་ཕྲག་ལས་བཅད་དེ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ འཛོམས་དོ་ཡོདཔ།

༡༡/༧/༢༠༡༣   ༉ དུས་ཅི་ སྤྱི་ཚོགས་༢ པའི་བཙག་འཐུའི་དོན་ལུ་ ཚོགས་རྒྱན་གྱི་ཉིནམ་དེ་ ཉིན་གྲངས་དག་པ་ཅིག་ལས་བརྒལ་མེདཔ་ལས་བརྟེན་ རྫོང་ཁག་མཐའ་དབུས་མེད་པར་སྡོད་མི་ ཞི་གཡོགཔ་དང་ ཚོང་པ་ དེ་ལས་ སྒེར་སྡེ་དང་ ལས་འཛིན་ཚུ་ནང་ ལཱ་འབད་མི་ ཤར་ཕྱོགས་རྫོང་ཁག་གི་ མི་སེར་ཚུ་གིས་ ཁ་ཙ་ལས་ རང་སོའི་གཡུས་ཁར་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ མཐོངམ་ཨིན་པས།
ཚོགས་རྒྱན་བཙུགས་མི་ཚུ་ སྐྱེལ་འདྲེན་འབད་མི་ སྣུམ་འཁོར་བཱསི་ལེ་ཤ་ཅིག་ར་ མོང་སྒར་ཁྲོམ་ནང་ ལྷོད་ཡོད་པའི་མཐོང་སྣང་།


དེ་ཡང་ མོང་སྒར་རྫོང་ཁག་ནང་གི་ རྒེད་འོག་༡༧ གྱི་ མི་སེར་ཚུ་གིས་ཡང་ ཐིམ་ཕུ་དང་ ཕུན་ཚོགས་གླིང་ལ་སོགས་པའི་ས་ཁོངས་ཚུ་ལས་ སྣུམ་འཁོར་བཱསི་དང་ གླ་འཁོར་ དེ་ལས་ ཁོང་རའི་སྒེར་འཁོར་ཚུ་བདའ་སྟེ་ ཚོགས་རྒྱན་བཙུགས་པར་འོང་ཡོདཔ་ལས་ མོང་སྒར་ཁྲོམ་ཁར་ ཁ་ཙ་ལས་ མི་སེར་དང་ སྣུམ་འཁོར་བརྒྱ་ལས་བཅད་དེ་འཛོམས་ནི་ འགོ་བཙུགས་ཡོདཔ་ཨིན་པས།
མོང་སྒར་ དགྲ་མེད་རྩེ་རྒེད་འོག་ལས་ སོ་ནམ་པ་ཚེ་རིང་གིས་ སླབ་མིའི་ནང་ ཚོགས་རྒྱན་གྱི་ཉིནམ་དེ་ རན་ཡོདཔ་ལས་ ཁ་ཙ་ལས་ ཁོང་རའི་གཡུས་ཁ་ལུ་ རྫོང་ཁག་ཚུ་ནང་སྡོད་མི་ མི་སེར་ཚུ་ ཚོགས་རྒྱན་བཙུག་པར་འོང་སར་མཐོང་ཡོདཔ་མ་ཚད་ ད་རུང་ཡང་ ཧེང་སྐལ་ར་ འོང་དོ་ཡོད་པའི་ལོ་རྒྱུས་ཚུ་ གོ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ མོང་སྒར་རྫོང་ཁག་ ལྕགས་སི་མཁར་གཡུས་ཚན་ལས་ཨིན་མི་ འཕྲིན་ལས་དེ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐིམ་ཕུ་ལས་ ཁ་ཙ་ གཡུས་ཁར་འོང་ཡོདཔ་ད་ ཁོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ དོན་ཆེད་ར་ གཡུས་ཁར་འོང་མི་དེ་ ཁོ་རའི་ལགཔ་ཁར་ཡོད་པའི་ ནོར་བུ་དེ་ སྤྱོད་ནིའི་དོན་ལུ་འོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་དོན་ལུ་དང་ གཞུང་སྐྱོང་གི་དོན་ལུ་ ཚོགས་རྒྱན་བཙུག་ནི་དེ་ ཉིནམ་༡ ལུ་རིགཔ་བསྒྱིམ་དགོཔ་ལས་ གལ་སྲིད་ ཚོགས་རྒྱན་དེ་མ་བཙུགས་པར་སྡོད་པ་ཅིན་ རང་གི་མནོ་དོན་གྲུབ་མི་ཚུགས་ནི་ཨིནམ་ལས་ ཟད་འགྲོ་ལུ་འཚེར་སྣང་མ་བསྐྱེད་པར་ གཡུས་ཁར་འོང་ནི་དེ་ གནད་དོན་དེ་ལུ་བརྟེན་ཨིན་ཟེར་ཨིན་པས།
མོང་སྒར་གྱི་ཚོང་པ་ཅིག་གིས་ སླབ་མིའི་ནང་ ཁ་ཙ་ལས་ ས་གནས་ཁག་ལུ་སྡོད་མི་ མི་སེར་ཚུ་ རང་སོའི་ཚོགས་རྒྱན་ས་ཁོངས་ནང་འོང་ནི་འགོ་བཙུགས་ཡོདཔ་ལས་ ཚོང་ཉོ་མི་ཡང་ ཡར་སེང་སོང་ཡི་ཟེར་ཨིནམ་ད་ མི་སེར་ཚུ་གིས་འབད་རུང་ ཚོགས་རྒྱན་གི་ཉིནམ་དེ་ ཁག་ཆེཝ་མཐོང་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
མོང་སྒར་གཡག་སྒང་ལས་ཨིན་མི་ དོན་གྲུ་པདྨ་དེ་ མོ་ར་ རྨགཔ་དང་གཅིག་ཁར་ ཕུན་ཚོགས་གླིང་ལུ་སྡོད་དོ་ཡོདཔ་ཨིན་རུང་ ཨ་ལུ་ཆུང་ཀུ་༢ ཁྱིད་འོང་མི་དེ་ ཚོགས་རྒྱན་བཙུགས་ནི་དེ་ ཁག་ཆེཝ་མཐོང་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ དེ་བཟུམ་སྦེ་ མོང་སྒར་ ཙ་ཀ་གླིང་ལས་ ཞི་གཡོགཔ་ཚེ་རིང་ཡང་ ཚོགས་རྒྱན་བཙུགས་ནིའི་དོན་ལུ སྤུན་ཆ་༥ ཁྱིད་དེ་གཡུས་ཁར་འོང་མི་དེ་ ཁོང་ར་གིས་མནོ་མི་ འཐུས་མི་དེ་ འཐོབ་ཚུགས་ནིའི་དོན་ལུ་འོང་ཡི་ཟེར་ཨིན་པས།
མོང་སྒར་རྒཔོ་ བདེ་ཆེན་ཡེ་ཤེས་དང་ འབྲས་སྤུངས་རྒཔོ་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ རྒེད་འོག་དེ་ནང་གི་མི་སེར་ཚུ་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གཡུས་ཁ་ལུ་འོང་ནི་དེ་ གྱངས་ཁ་ཡར་སེང་འགྱོ་དོ་ཡོདཔ་ལས་ འགོ་ཐོག་བཙག་འཐུ་དང་ཕྱདཔ་ད་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ ཚོགས་རྒྱན་བཙུགས་མི་ལེ་ཤ་འོང་ནི་མས་ཟེར་ཨིན་པས།
ཤར་ཕྱོགས་རྫོང་ཁག་ ལྷུན་རྩེ་དང་ མོང་སྒར་ བཀྲིས་སྒང་ དེ་ལས་ བཀྲིས་གཡང་རྩེ་ཁ་ཐུག་ལུ་ ཁ་ཙ་ཉིནམ་༡ ལུ་ར་ སྣུམ་འཁོར་གཞན་ཚུ་མ་རྩིས་བར་ སྣུམ་འཁོར་བཱསི་༣༠ དེ་ཅིག་ འགྲོ་འགྲུལ་འབད་སར་ མཐོང་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment