གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༢/༧/༢༠༡༣   བསྐུལ་བསྒྲགས་མཇུག་བསྡུ་རུང་ མི་ཕར་ཚུར་འགྱོ་བའི་འུར་བྱེལ།
༉ ཁ་ཙ་ དྲོ་པའི་ཆུ་ཚོད་༩ ལས་ རྒྱལ་ཁབ་ཀྱི་ སྤྱི་ཚོགས་གཉིས་པའི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་༢ ཀྱི་ འདེམས་ངོ་༩༤ གི་ བསྐུལ་བསྒྲགས་དུས་ཚོད་མཇུག་བསྡུ་མི་དང་བསྟུན་ སྲིད་དོན་པ་ཚུ་ ནངས་པ་སྤྱི་ཟླ་༧ པའི་ཚེས་༡༣ གྱི་ཕྱི་རུ་ མི་སེར་གྱི་ གྲོས་ཆོད་མ་ཐོན་ཚུན་ཚོད་ དུས་ཡུན་ཆུ་ཚོད་༤༨ ཀྱི་རིང་ ངལ་མཚམས་སྦེ་ སྡོདཔ་ཨིན་མས།



འདེམས་ངོ་མང་ཤོས་ཅིག་གིས་ བསྐུལ་བསྒྲགས་མཚམས་འཇོག་འབད་ནི་གི་ དུས་ཚོད་མ་རན་ཚུན་ཚོད་ བསྐུལ་བསྒྲགས་འབད་མི་དེ་ཡང་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་ཐོབ་ཚུགསཔ་ ངེས་བརྟན་བཟོ་ཐབས་ལུ་ཨིན་མས།
དེ་ཡང་ འདས་པའི་བདུན་ཕྲག་༤ གི་རིང་ བསྐུལ་བསྒྲགས་འབད་བའི་ཤུལ་ལུ་ ཚོགས་རྒྱན་གྱི་ཉིནམ་ འགོ་མ་བཙུགས་པའི་ཧེ་མར་ དུས་ཡུན་ཆུ་ཚོད་༤༨ ཀྱི་རིང་ འདེམས་ངོ་ཚུ་ རང་སོའི་འདེམས་ཁོངས་ནང་ བཟའ་ཚང་དང་ ཉེ་ཚན་ ལྟ་ལྟོ་ཚང་ཚུ་དང་གཅིག་ཁར་ སྡོད་ཐོག་ལས་ ནངས་པ་བཙག་འཐུ་འགྲུབ་ནི་ཨིན་པའི་ གྲུབ་འབྲས་ལུ་ གྲ་སྒྲིག་འབདཝ་ཨིན་མས།
ཚོགས་རྒྱན་ཉིནམ་གི་ཧེ་མར་ དུས་ཡུན་ཆུ་ཚོད་༤༨ ཀྱི་རིང་ ག་ནི་ཡང་ འབད་མ་ཆོགཔ་ བཟོ་མི་དེ་ཡང་ བསྐུལ་བསྒྲགས་དང་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ རྒྱུད་བསྐུལ་འབད་ནི་ལས་ བཀག་ཐབས་ལུ་དང་ ད་ཚུན་གྱི་བར་ན་ སྲིད་དོན་ཚོགས་པ་ཚུ་གིས་ ཁས་བླངས་གསལ་བསྒྲགས་འབད་མི་ཚུ་ ནན་ཞིབ་དང་ མནོ་བསམ་གཏང་ནིའི་ དུས་ཚོད་བྱིན་ཐབས་ལུ་ཨིན་མས།
ཨིན་རུང་ གྲོང་གཡུས་ཚུ་ནང་ མི་སེར་ཚུ་ སོ་ནམ་གྱི་ ལཱ་འབད་བའི་ དུས་ཚོད་ཨིནམ་ལས་ ཁོང་གི་དོན་ལུ་ དུས་ཡུན་ཆུ་ཚོད་༤༨ དེ་ མཁོ་གལ་ཅན་ཅིག་མེན་མི་དེ་ཡང་ སྲིད་དོན་ཚོགས་པ་ག་གདམ་ནི་ཨིན་ན་དང་ འདེམས་ངོ་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ སེམས་ཐག་བཅད་ཚར་ནི་དེ་གིས་ཨིནམ་ད་ ཁོང་ལུ་ ཚ་གྱང་ཆེ་ཤོས་ར་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ སྲུང་ནི་དང་ ཞིང་ནང་ལཱ་འབད་ནི་དེ་ཨིན་མས།
འདི་བཟུམ་མའི་ འུར་བྱེལ་ལང་པའི་ ནམ་དུས་ལུ་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོ་ལས་ཕར་ ལཱ་འབད་སྡོད་མི་ཚུ་ སྤྱི་ཟླ་༧ པའི་ཚེས་༩ ལས་ རང་སོའི་འདེམས་ཁོངས་ཚུ་ནང་ དུས་མཉམ་ལུ་འོང་ནི་ འགོ་བཙུགས་མི་ལུ་བརྟེན་ ཁྲོམ་སྡེ་སྦོམ་ཚུ་ནང་ སྤྱི་ལོ་༢༠༠༨ བཟུམ་སྦེ་ སྟོང་ཧང་ཧང་སྦེ་ འགྱོ་དོ་ཡོད་པའི་ མངོན་གསལ་བྱུངམ་མས།
ཁྲོམ་སྡེའི་མི་བརྒྱ་ཕྲག་ལས་བཅད་དེ་ གྲོང་གཡུས་ནང་ འོང་མི་ཚུ་ཡང་ ཚོགས་རྒྱན་ཕུད་རྡོག་གཅིག་གིས་ ཁྱད་པར་བཟོ་ཚུགས་ནི་ཨིན་མི་ལུ་ལྟ་སྟེ་ཨིནམ་ད་ ལ་ལུ་ཅིག་ སྲིད་ཚོགས་གདམ་འཐུ་འབད་ནི་ འཛོལ་སོ་པ་ཅིན་ རྒྱལ་ཁབ་དང་ མི་སེར་ལུ་ གནོད་ཉེན་འབྱུང་སྲིད་པའི་ ཚ་གྱང་ཡོད་ནི་དེ་གིས་ ཉེ་ཚན་ཚུ་ལུ་ རང་སོའི་ཐོབ་དབང་བསྟར་སྤྱོད་འབདཝ་ད་ འཛོལ་ནི་མེད་པའི་ ཁ་བཀོད་རྐྱབ་པར་འོངམ་ཨིནམ་སྦེ་ སླབ་ཨིན་མས།
ཐིམ་ཕུ་ལས་འོང་མི་ ཞི་གཡོགཔ་ལ་ལུ་ཅིག་གིས་འབད་བ་ཅིན་ མ་གཞི་ ཁོང་གི་ ཚོགས་རྒྱན་ཚུ་ འགྲེམ་ཐོག་ལས་ བཙུགས་ཡོད་རུང་ ད་རིས་ཀྱི་ བཙག་འཐུའི་བྱ་རིམ་ཚུ་ ཚུལ་མཐུན་སྦེ་ མ་འགྱོ་བའི་ཁར་ བཙག་འཐུ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ཡང་ ཚུལ་མིན་འབད་མི་ཚུ་ སྣང་ཆུང་སྦེ་ བཞག་ཡོདཔ་མ་ཚད་ ཐ་ན་ ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ཡང་ འབྲུག་གི་སྲིད་འབྲེལ་ནང་ ལགཔ་རྐྱབ་མི་ལུ་བརྟེན་ འབྲུག་གི་དམངས་གཙོའི་རིང་ལུགས་དེ་ ལམ་ཕྱོགས་ངན་པའི་ནང་ ཞུགས་དོ་ཡོད་པའི་ ཚ་གྱང་ལང་སྟེ་ བྱ་ཐབས་མེད་པར་ འོང་དགོཔ་བྱུང་ཡི་ཟེར་ཨིན་མས།
གནད་དོན་ཚུ་ ག་དེ་སྦེ་ར་ཨིན་རུང་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ འབྲུག་པའི་མི་སེར་ཡོངས་ཀྱིས་ སྨོན་ལམ་གཅིག་མཐུན་བཏབ་ཐོག་ལས་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་ཚུགས་མི་དང་ རྒྱལ་ཁབ་ཀྱི་ རང་བཙན་སྔར་བ་ལྷགཔ་སྦེ་ སྒྲིང་སྒྲིང་དང་ རྩ་བརྟན་བཟོ་ཚུགས་མི་ སྲིད་དོན་ཚོགས་པ་འོས་ལྡན་ཅིག་ གཞུང་སྐྱོང་ཚོགས་པ་སྦེ་ བཙག་འཐུ་འགྲུབ་དགོཔ་དེ་ ག་ནི་བ་གལ་ཆེ།
འདི་འབདཝ་ལས་ གཞུང་སྐྱོང་ཚོགས་པ་སྒྲིང་སྒྲིང་ཅིག་ བཙག་འཐུ་གྲུབ་ཐོག་ལས་ འབྲུག་པའི་མི་སེར་ག་ར་ ཁྱིམ་གཅིག་ནང་གི་ བཟའ་ཚང་འཐུས་མི་བཟུམ་ ཨ་རྟག་ཧར་ལུགས་ཀྱི་ གནས་སྟངས་ནང་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ སྡོད་ནི་ཡོདཔ་ཅིག་ བཟོ་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment