གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླིང་མུ་ཁ་དང་ སྟོད་ཝང་འདེམས་ཁོངས་ཀྱི་ འདེམས་ངོ་༢ ཀྱི་བར་ན་ དོ་འགྲན་འབྱུང་ནི།

༤/༧/༢༠༡༣   ༉ སྤུ་ན་ཁ་ གླིང་མུ་ཁ་དང་ སྟོད་ཝང་འདེམས་ཁོངས་ཀྱི་ མི་སེར་ཚུ་གི་དོན་ལུ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ འཆི་མེད་རྡོ་རྗེ་གིས་འབད་བ་ཅིན་ མི་སེར་ཚུ་གི་དཀའ་ངལ་ གདོང་ལེན་འབད་ནིའི་དོན་ལུ་ མི་སྡེའི་དཔལ་འབྱོར་གྱི་སྤྱི་མཛོད་མ་དངུལ་ གཞི་བཙུགས་འབད་ནི་ཟེར་ཨིནམ་ད་ མ་དངུལ་དེ་གིས་ འདེམས་ཁོངས་འོག་གི་ རྒེད་འོག་༥ ནང་ རང་བཞིན་དང་གློ་བུར་གྱི་རྐྱེན་ངན་ དེ་ལས་ བསྐྱིན་འགྲུལ་གྱི་ མ་དངུལ་ཚུ་བྱིན་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ འཆི་མེད་རྡོ་རྗེ་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཌོག་ཊར་ བསོད་ནམས་དབང་རྒྱལ་དབང་།


སྤྱི་ཟླ་༧ པའི་ཚེས་༡ ལུ་ གླིང་མུ་རྒེད་འོག་ནང་ སྤྱིར་བཏང་གྲོས་འཛོམས་སྐབས་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ མ་དངུལ་དེ་གིས་ རང་བཞིན་རྐྱེན་ངན་གྱིས་ ལོ་ཐོག་མེདཔ་བཏང་མི་ཚུ་གི་ རྒུད་འཐུས་ཚུ་ཡང་ སྤྲོད་ནི་ཟེར་ཨིནམ་ད་ དེ་ཡང་ དཔེ་འབད་བ་ཅིན་ ལོ་༢ ཀྱི་ཧེ་མར་ ཤེལ་རྔ་ནང་ལུ་ འབྱ་ཚུ་སེརཝ་གིས་ མེདཔ་བཏང་པའི་སྐབས་ རྒུད་འཐུས་ག་ནི་ཡང་ མ་ཐོབ་ལས་ མི་སེར་ཚུ་ དཀའ་སྡུག་སྦོམ་བྱུང་ནུག་ཟེར་ཨིན་པས།
སྐྱེས་ལོ་༥༦ ལང་མི་ འཆི་མེད་ཀྱིས་འབད་བ་ཅིན་ གལ་སྲིད་ མི་སེར་དམངས་གཙོ་ཚོགས་པ་ བཙག་འཐུ་འགྲུབ་པ་ཅིན་ མི་སྡེའི་དཔལ་འབྱོར་གནས་སྟངས་ ཡར་དྲག་གཏང་ནི་དང་ རྒྱལ་སྤྱི་དང་གཅིག་ཁར་ མཐུན་ལམ་བཟོ་ནི་ དེ་ལས་ རྒྱལ་ཁབ་རང་མགོ་རང་འདྲོང་བཟོ་ནིའི་ ཐབས་ལམ་ཚུ་ཡང་ བཏོན་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་གཞུང་དེ་ འདས་པའི་གཞུང་བཟུམ་མེན་པར་ དྭངས་གསལ་ཅན་འོང་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༨ ལུ་ འབྲུག་ཕུན་སུམ་ཚོགས་པ་བཙག་འཐུ་གྲུབ་པའི་སྐབས་ རྒྱལ་ཁབ་འདི་ དྭངས་གསལ་ཅན་གྱི་ཐོག་ལས་ སྐྱོང་ནི་ཟེར་ སླབ་མི་དེ་ རྒྱལ་པོའི་ཞིང་གི་ སའི་རྩོད་རྙོགས་ཐོན་མི་ལུ་ལྟ་བ་ཅིན་ དྭངས་གསལ་ཅན་མེན་པའི་ཁར་ ས་གཏེར་གྱི་ཆོག་ཐམ་༩༦ དེ་ཅིག་ ཁོང་རའི་ཉེ་ཚན་དང་ ངོ་ཤེས་འདྲིས་ཤེས་ཡོད་མི་ཚུ་ལུ་ བྱིན་མི་ལུ་ལྟ་བ་ཅིན་ ཚོགས་པའི་ལྟ་བ་ འདྲ་མཉམ་དང་དྲང་བདེན་ཨིན་ཟེར་མི་དེ་ མི་བདེན་པས་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ རྒྱལ་ཁབ་ནང་ བུ་ལོན་དུང་ཕྱུར་༨༠ དེ་ཅིག་འཁྲི་མི་དེ་ཡང་ ལོག་སྤྲོད་མ་ཚུགས་པའི་དཀའ་ངལ་ འཐོན་ནི་ཨིན་པའི་ཁར་ རྒྱལ་ཁབ་ཀྱི་མ་དངུལ་ལས་ བརྒྱ་ཆ་༦༠ དེ་ཅིག་ གཞུང་ལྟེ་བ་ནང་བཞག་སྟེ་ གཡུས་སྒོ་ཚུ་ནང་ བརྒྱ་ཆ་༤༠ ལས་བརྒལ་ བགོ་བཀྲམ་མ་འབད་ནི་དེ་གིས་ གོང་འཕེལ་འདྲ་མཉམ་མ་འགྱོ་བས་ཟེར་ཨིན་པས།
ཨོམ་སྟེང་ཁ་ཨིན་མི་ འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་ཡོད་མི་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱ་གར་ལུ་ རྒྱན་ཤོག་ལོ་ཊི་རི་དེ་ ལོག་འགོ་བཙུགས་པའི་སྐབས་ལུ་ བསལ་ཚུགས་ཟེར་ཨིནམ་ད་ རྒྱན་ཤོག་གི་ཚོང་འབྲེལ་དེ་ ལོ་༢ དེ་ཅིག་ཧེ་མར་ ངན་ལྷད་ཀྱི་ལཱ་དང་འབྲེལ་བ་ལུ་བརྟེན་ འདས་པའི་གཞུང་གིས་ བཀག་ཆ་འབད་ནུག།
འདེམས་ངོ་ཁོ་ར་ ལོ་ངོ་མང་རབས་ཅིག་ སློབ་དཔོན་འབད་ནི་དེ་གིས་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ སློབ་གྲྭ་རྒྱ་བསྐྱེད་དང་དཔེ་མཛོད་རྒྱ་བསྐྱེད་གཏང་ནི་ ཕམ་ཉམ་ཆུང་གི སློབ་ཕྲུག་ཨ་ལུ་ཚུ་ལུ་ ཤེས་ཡོན་གྱི་བསྐྱིན་འགྲུལ་བྱིན་ནི་ དེ་ལས་ སློབ་གྲྭའི་དབུ་འཛིན་ཚུ་ལུ་ མ་དངུལ་སྤྱོད་ནིའི་དབང་ཚད་ཚུ་བྱིན་ཐོག་ལས་ ཤེས་རིག་གོང་འཕེལ་གཏང་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཌོག་ཊར་ བསོད་དམས་དབང་རྒྱལ་དབང་གིས་འབད་རུང་ ཤེས་རིག་གོང་འཕེལ་གཏང་ནིའི་དོན་ལུ་ སློབ་དཔོན་གྱི་ བཅའ་ཁྲིམས་ཅིག་བཟོ་ནི་ཟེར་ཨིནམ་ད་ དེ་ནང་ སློབ་དཔོན་ཚུ་གི་ ཐོབ་ཐངས་དང་ གོ་གནས་ཡར་སེང་ དེ་ལས་ ཕྱིའི་རྒྱལ་ཁབ་ནང་ སྦྱོང་བརྡར་གྱི་ལམ་ལུགས་ཚུ་ བཟོ་འོང་ཟེར་ཨིནམ་ ཁོ་གིས་འབད་བ་ཅིན་ སློབ་དཔོན་ཚུ་ལུ་ གཙོ་བོ་བཏོན་དགོ་མི་དེ་ ཤེས་རིག་གི་སྤུས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ སློབ་དཔོན་དེ་ ངེས་པར་དུ་ ཁག་ཆེཝ་ལས་བརྟེན་ཨིན་ཟེར་ཨིན་པས།
དེ་ལས་ མི་ཚུ་གིས་ ཧེ་མ་ག་ཨིནམ་སྦེ་ སྲོག་ཤིང་དང་ སྤང་ཞིང་ དེ་ལས་ རྩྭ་འབྲོག་ཚུ་ ལོག་སྤྱོད་ཚུགས་ནིའི་དོན་ལུ་ སའི་བཅའ་ཁྲིམས་བསྐྱར་ཞིབ་འབད་ནི་ཟེར་ཨིན་པའི་ཁར་ རྒྱལ་ཁབ་ཀྱི་ སོ་ནམ་ཐོན་སྐྱེད་ རྒྱ་བསྐྱེད་གཏང་སྟེ་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནི་ཨིན་པས།
དེ་མ་ཚད་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ རྒན་རྒས་ཚུ་ལུ་ གསོ་བ་དང་ སྐྱེལ་འདྲེན་ཞབས་ཏོག་ཚུ་ འཐོབ་ཚུགས་པའི་ལམ་ལུགས་བཟོ་ནི་ཟེར་ཨིན་པའི་ཁར་ རྒྱ་གར་རྡོ་རྗེ་གདན་ལུ་ གནས་སྐོར་ཡང་ གཏང་ནི་ཨིན་ཟེར་ཨིན་པས།
རྫོང་ཁག་གི་ གནས་ཚད་ལུ་འབད་བ་ཅིན་ སྤུ་ན་ཁ་རྫོང་གི་ གཡས་ཁ་ཐུག་ཡོད་མི་ ཕོ་ཆུའི་གུ་ སྣུམ་འཁོར་གྱི་ཟམ་རྐྱབ་ནི་ཟེར་ཨིནམ་ད་ དེ་ཡང་ ད་རེས་ རྒེད་འོག་༤ གི་མི་ཚུ་ གློ་བུར་གྱི་དཀའ་ངལ་ཐོནམ་ད་ ཁུ་རུ་ཐང་ལས་བརྒྱུད་དེ་ རྫོང་ཁག་སྨན་ཁང་ནང་འགྱོ་དགོཔ་ཐོན་མས་ཟེར་ཨིནམ་ད་ ཟམ་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༣༠༠ དེ་ཅིག་གནས་མི་དེ་ གཞུང་གིས་ ག་ར་བཏོན་མ་ཚུགས་རུང་ ཕྱིའི་རྒྱལ་ཁབ་ལས་ མ་དངུལ་གྱི་ གྲོགས་རམ་འཚོལ་ནི་ཟེར་ཨིན་པས།
སྐྱེས་ལོ་༤༣ ལང་མི་ ཌོག་ཊར་ བསོད་ནམས་དབང་རྒྱལ་དབང་དེ་ ཚ་ཆུ་ཕུག་ལས་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁས་བླངས་གཞན་ཡང་ འཁོར་ལམ་ཚུ་ རྩི་ནག་གཏང་ནི་དང་ སོ་ནམ་ཞིང་ལམ་བསལ་ནི་ འཐུང་ཆུ་བཏོན་ནི་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་མི་མར་ཕབ་འབད་མི་ དེ་ལས་ ལྷ་ཁང་ཉམས་བཅོས་ཞུ་ནི་ཟེར་ཨིན་པས།
འགོ་ཐོག་བཙག་འཐུའི་སྐབས་ རྫོང་ཁག་དེ་ནང་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་༤,༡༠༡ ཐོབ་སྟེ་རྒྱལ་ཁ་ཐོབ་ཡོད་རུང་ བསོད་ནམས་དབང་རྒྱལ་དབང་གིས་འབད་བ་ཅིན་ ད་རེས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཐངས་ལུ་ལྟ་བ་ཅིན་ སྤྱིར་བཏང་བཙག་འཐུ་ནང་ ག་གིས་རྒྱལ་ཁ་འཐོབ་ཚུགས་ག་ སླབ་མི་ཚུགས་ནི་མས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ འགོ་ཐོག་བཙག་འཐུའི་ནང་ ཚོགས་རྒྱན་༣,༠༣༧ ལས་བརྒལ་ ཐོབ་མ་ཚུགས་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment