གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེཔ་ཚུ་ བློན་པོ་ཅིག་འཐོབ་ནི་མས་ཟེར་ སེམས་དགའ་སྟེ་ཡོདཔ།

༤/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༢ ལུ་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ ལྷུན་རྫོང་ཁག་ སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་ མི་སེར་ཚུ་ལུ་ བསྐུལ་བསྒྲགས་འབད་བའི་སྐབས་ མི་སེར་ཚུ་གི་སེམས་ཁ་ལུ་ དགའ་བ་བྱུང་ཡོད་མི་དེ་ཡང་ གལ་སྲིད་ མི་སེར་དམངས་གཙོ་ཚོགས་པ་དེ་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ ཁོང་རའི་འདེམས་ཁོངས་ལས་ བློན་པོའི་གོ་གནས་ འཐོབ་ཚུགས་ནི་ཨིན་པས།
ཨའུ་ཚོ་ལུ་ མི་སེར་དམངས་གཙོ་ཚོགས་པའི་བསྐུལ་བསྒྲགས་ མཇུག་བསྡུ་བའི་ཤུལ་ལས་ གྲལ་གཏོགས་འབད་མི་ཚུ་ ལོག་འགྱོ་བའི་བསྒང་།


དེཡང་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་ མི་སེར་ཚུ་དང་གཅིག་ཁར་ ཨའུ་ཚོ་འབྲིང་རིམ་སློབ་གྲྭ་བར་མའི་ སྤྱི་དོན་ཁང་ནང་ མི་སེར་༣༠༠ ལྷགཔ་ཅིག་ འཛོམས་མི་ཚུ་ལུ་ གལ་སྲིད་ མི་སེར་ཚུ་གིས་ དམངས་གཙོ་ཚོགས་པ་དེ་ བཙག་འཐུ་འགྲུབ་གནང་པ་ཅིན་ ལྷུན་རྩེ་རྫོང་ཁག་ལས་ ཁོང་རའི་འདེམས་ངོ་ ཡེ་ཤེས་རྡོ་རྗེ་དེ་ བློན་པོ་བསྐོ་བཞག་འབད་ནི་ཟེར་ སླབ་མི་ལུ་བརྟེན་ཨིན་པས།
དེ་ཡང་ ཁོང་གིས་ སླབ་མིའི་ནང་ ཁོང་གི་ཚོགས་པ་གིས་ གཞུང་སྐྱོང་ནང་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ ཤར་ཕྱོགས་རྫོང་ཁག་ལས་ བློན་པོ་༦ བསྐོ་བཞག་འབད་ནི་ཟེར་ཨིནམ་ད་ གཅིག་ མོང་སྒར་རྫོང་ཁག་ལས་འབད་བ་ཅིན་ མོང་སྒར་གྱི་འདེམས་ངོ་ འཇིགས་མེད་བཟང་པོ་ཨིན་ཟེར་ མོང་སྒར་འདེམས་ཁོངས་ རྩ་མང་རྒེད་འོག་ སྒང་ལ་སྤོང་སྤྱི་འོག་གི་མི་སེར་ཚུ་གིས་ཡང་ འཛོམས་འདུ་ནང་ བཅའ་མར་གཏོགས་ཡོདཔ་ལས་ ཁོང་ལུ་ཡང་ གནས་ཚུལ་དེ་ བཤད་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་གི་གདོང་ཁར་ བློན་པོ་༢ ཡོདཔ་ལས་ ཁོང་༢ ཀྱིས་ མི་སེར་དང་ རྒྱལ་ཁབ་ལུ་ ཕྱག་སྦོམ་ཞུ་ཚུགས་མི་འདེམས་ངོ་ཨིནམ་ལས་ མི་སེར་དང་ རྒྱལ་ཁབ་ཀྱི་སྐྱིད་སྡུག་དེ་ ལེགས་ཤོམ་སྦེ་ཧ་གོ་ཚུགས་ནི་ཨིནམ་ལས་ བློན་པོ་བསྐོ་བཞག་འབད་ནི་གི་གྲས་ལས་ ཁོང་༢ ཡང་ཨིན་ཟེར་ཨིན་པས།
འཛོམས་འདུ་ནང་ བཅའ་མར་གཏོགས་མི་ཚུ་གིས་འབད་རུང་ མི་སེར་ཚུ་གི་རེ་བ་ཡང་དེ་ཨིན་ཟེར་ཨིནམ་ད་ གནས་ཚུལ་དེ་ བཟང་པོ་ཅིག་ཨིནམ་ལས་ ཁོང་གིས་ ཚོགས་རྒྱན་གྱི་སེམས་ཐག་བཅད་ནི་ལུ་ཡང་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིནམ་ད་ གཙོ་འཛིན་གྱིས་འབད་བ་ཅིན་ ཁོང་ཚུ་ ཐོབ་གོ་ས་ལུ་ལྟཝ་མེན་པར་ མི་སེར་ཚུ་ལུ་ ཁོང་གིས་ ལྕོགས་གྲུབ་བཏོན་ནིའི་དོན་ལུ་ཨིན་ཟེར་ཨིནམ་ད་ མི་སེར་ཚུ་གིས་འབད་རུང་ ལྕོགས་གྲུབ་བལྟ་དགོཔ་ལས་ ཚོགས་རྒྱན་བཙུག་གནང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ ལྷུན་རྩེ་རྫོང་ཁག་གི་ཁྲོམ་དེ་ ཁྲོམ་སྡེ་ལུ་བཟོ་ཞིནམ་ལས་ ཁྲོམ་དཔོན་འཐོབ་ཚུགསཔ་བཟོ་སྟེ་ ཁྲོམ་སྡེའི་མཐུན་རྐྱེན་དང་ དཀའ་ངལ་ཚུ་ སེལ་ཐབས་འབད་ནི་ཟེར་ཨིནམ་མ་ཚད་ ཨའུ་ཚོ་ཡང་ ཁྲོམ་གྱི་འཆར་གཞི་དེ་ ཧེ་མ་ལས་ཡོད་རུང་ ད་ལྟོ་ཡང་ ཁྲོམ་སྡེ་བཟོ་མ་ཚུགས་པར་ཡོདཔ་ལས་ གཞུང་སྐྱོང་གོ་སྐབས་དེ་ མི་སེར་དམངས་གཙོ་ཚོགས་པ་ལུ་གནང་པ་ཅིན་ ལོ་༡ ལུ་ར་ ཁྲོམ་སྡེ་བཟོ་ནི་ཟེར་ཨིན་པས།
དེ་མ་ཚད་ ལྷུན་རྩེ་རྫོང་ཁག་ནང་ མཐོ་རིམ་སློབ་གྲྭ་ཅིག་གི་ འོས་འབབ་ཡང་ཡོདཔ་ལས་ གཞུང་དེ་བཙག་འཐུ་འབད་བ་ཅིན་ མཐོ་རིམ་སློབ་གྲྭ་ཅིག་ཡང་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
བཙན་མཁར་རྒེད་འོག་ལས་ སོ་ནམ་པ་ བཀྲིས་ཀྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ རྫོང་ཁག་དེ་ནང་ལས་ བློན་པོའི་གོ་གནས་བཞེས་མི་མེདཔ་ལས་ གོང་འཕེལ་གྱི་འགྱུར་བ་ལུ་ཐོ་ཕོག་སྟེ་ རྫོང་ཁག་དེ་ འབྲུག་རྒྱལ་ཁབ་ཀྱི་ རྫོང་ཁག་ཚུ་གི་གྲས་ལས་ སྐྱོ་སུ་ལུས་མི་དེ་ཡང་ གནད་དོན་དེ་ཚུ་ལུ་བརྟེན་ཨིནམ་ལས་ ད་ལས་ཕར་ ཁོང་རའི་རྫོང་ཁག་ལས་ བློན་པོ་ཅིག་ཡོད་པ་ཅིན་ མི་སེར་ཚུ་གིས་ གནད་དོན་ག་ཅི་གི་ཐོག་ལུ་ཡང་ ཞུ་ཚུགས་ནི་ཨིནམ་ལས་ ཁོ་རའི་ཚོགས་རྒྱན་དེ་ དོན་སྨིན་ཅན་ཅིག་ལུ་ བཟོ་ནི་ཟེར་ཨིན་པས།
འདེམས་ཁོངས་ནང་གི་ མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ ཁོང་རའི་ ཧེ་མའི་འདེམས་ངོ་དེ་གིས་ འདེམས་ཁོངས་ནང་གི་ མི་སེར་ཚུ་གི་ སྐྱིད་སྡུག་ལྟ་བར་འོང་ནི་མེདཔ་ལས་ ཚོགས་རྒྱན་དེ་ མི་སེར་ཚུ་ལུ་ ཕན་ཐོགས་ཚུགས་པའི་མི་ལུ་ བཙུགས་དགོཔ་ཡོད་མི་དེ་ཡང་ བློན་པོ་འཐོབ་རུང་མ་འཐོབ་རུང་ ལྕོགས་གྲུབ་ཡོད་མི་དང་ མི་སེར་གྱི་སྐྱིད་སྡུག་མཐོང་མི་ དགོ་ནི་ཨིན་ཟེར་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་འབད་རུང་ འཛོམས་འདུ་ནང་ བཅའ་མར་གཏོགས་མི་ལུ་ལྟ་བ་ཅིན་ མི་སེར་ཚུ་གིས་ དམངས་གཙོའི་གཞུང་དེ་ ག་དེམ་ཅིག་ཁག་ཆེཝ་ཨིན་ན་ཤེས་ཏེ་ འགན་འཁྲི་སྦོམ་འབག་པའི་རྟགས་མཚན་ཨིནམ་ལས་ ད་ལས་ཕར་འབད་རུང་ མི་སེར་ཚུ་གིས་ རྒྱབ་སྐྱོར་གནང་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ སྲིད་ཚོགས་གཞན་གྱིས་ ཁོང་གི་ཁས་བླངས་གསལ་བསྒྲགས་ལུ་ སྐྱོན་བརྫོད་འབད་མི་དེ་ཡང་ ཁོང་གི་ཁས་བླངས་ཚུ་ ལེགས་ཤོམ་ཡོདཔ་ལས་བརྟེན་ཨིན་ཟེར་ཨིནམ་ད་ གཞན་གྱི་སྲིད་ཚོགས་ལུ་ ཁས་བླངས་གསལ་བསྒྲགས་ཚུ་ ཁོང་གི་བཟུམ་ཅིག་ གསལ་རིལ་རི་མེདཔ་ལས་ ཁོང་གི་ཁས་བླངས་དེ་ མགོ་ལས་མཇུག་ཚུན་ སྐྱོན་བརྗོད་འབདཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་མཛད་པའི་སྐབས་ རྒྱ་འབྲུག་༢ ཀྱི་མཐུན་ལམ་ཡང་ མེདཔ་བཏང་ཡོདཔ་ལས་ འཕྲལ་ཁམས་ཅིག་ལས་ མེ་རླུང་གེསི་རྒྱ་རྫི་དང་ ས་སྣུམ་གྱི་གོང་ཚད་ ཡར་སེང་འབད་མི་ཚུ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ཨིནམ་ མི་སེར་ཚུ་གིས་ ཧ་གོ་དགོཔ་འདུག་ཟེར་ཨིན་པས།
དེ་མ་ཚད་ ལོ་༥ འི་འཆར་གཞི་༡ པ་ལས་༡༠ པ་ཚུན་ མ་དངུལ་གྱི་གྲོགས་རམ་དེ་ རྒྱ་གཞུང་གིས་གནང་ཡོད་རུང་ འཆར་གཞི་༡༡ པའི་མ་དངུལ་དེ་ ད་ལྟོའི་བར་ན་ཡང་ རྒྱ་གར་གཞུང་གིས་ དེ་ཅིག་ཨིན་ཟེར་མེདཔ་ལས་ མི་སེར་ཚུ་གིས་འབད་རུང་ ཤེས་དགོ་ཟེར་ཨིན་པས།
མི་སེར་ཚུ་ལུ་ སླབ་མིའི་ནང་ རྒྱལ་ཁབ་ནང་ ངན་ལྷད་དང་ ན་གཞོན་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ རུ་པི་མ་ལང་པའི་དཀའ་ངལ་ དེ་ལས་ བུ་ལོན་གྱི་དཀའ་ངལ་ཚུ་ ཆ་མཉམ་ར་ འདས་པའི་གཞུང་གིས་ འཐུས་ཤོར་མི་ལུ་བརྟེན་ཨིནམ་ལས་ ད་ལས་ཕར་ ཚོགས་རྒྱན་དེ་ ཁོང་ལུ་ར་ བྱིན་ནི་ཨིན་ན་དང་ མི་སེར་དམངས་གཙོ་ཚོགས་པ་ལུ་ བྱིན་ནི་ཨིན་ན་ ལེགས་ཤོམ་འབད་ཐག་བཅད་དེ་བཙུགས་གནང་དགོ་ཟེར་ཨིན་པས།
ཨིན་རུང་ འདེམས་ཁོངས་དེ་ནང་གི་ མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ ད་རུང་ ལོ་༥ གི་རིང་ལུ་ གཞུང་སྐྱོང་དེ་ འབྲུག་ཕུན་སུམ་ཚོགས་པའི་གཞུང་ར་ དྲག་ནི་མས་ཟེར་ཨིནམ་ལས་ མི་སེར་ཚུ་ལུ་ ཁ་ལས་ག་དེ་སྦེ་སླབ་རུང་ སེམས་ལུ་འགྱུར་བ་མེདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་ཟེར་ཨིན་པས།
ཨ་ལུ་༤ གི་ཨ་པ་གིས་ སླབ་མིའི་ནང་ འདས་པའི་གཞུང་ལུ་ ལོ་༥ འི་ཉམས་མྱོང་ཡོད་པའི་ཁར་ མི་སེར་གྱི་སྐྱིད་སྡུག་ཚུ་ ཁོང་གིས་མཐོང་ཚར་ཡོདཔ་ལས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་སྦོམ་འབད་ར་ ཡོད་ཟེར་ཨིནམ་ད་ ད་ལྟོ་ བློན་པའི་གོ་གནས་འཐོབ་ཟེར་ སླབ་རུང་ ཁོང་རའི་ཚོགས་པ་དེ་ ལྡོག་ཕྱོགས་སྦེ་ ལུས་པ་ཅིན་ ལྡོག་ཕྱོགས་ལུ་ གོང་འཕེལ་གྱི་དབང་ཚད་མེདཔ་ལས་ རྒྱབ་སྐྱོར་འབད་མི་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment