གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༤/༧/༢༠༡༣   འབྲུག་མི་ཚུ་ མནོ་བསམ་གཏང་ནི་གི་ དུས་ཚོད་ལུ་ལྷོད་ཡོདཔ།
༉ ད་རིས་ནངས་པ་ འབྲུག་གི་གནས་སྟངས་འདི་ ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན? གནས་སྟངས་དེམ་ཅིག་ནང་ ལྷོད་དགོ་པའི་ རྒྱུ་རྐྱེན་ག་ཅི་ཨིན་ན?
འབྲུག་མི་ཤེས་ཡོན་ཅན་ཚུ་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ གནས་སྟངས་དང་ ཐ་ན་ སྲུང་སྐྱོབ་ལུ་ཡང་ གནོད་ཉེན་ཆེ་བའི་ དུས་ཚོད་ནང་ ལྷོད་ཡོདཔ་ལས་ ཚ་གྱང་ལང་དགོཔ་འདུག་ཟེར་ཨིན་མས།



ཚ་གྱང་ཅན་དང་ ཉེན་ཁ་ཅན་གྱི་ གནད་དོན་ཚུ་ཡང་ སྲིད་དོན་ཚོགས་པ་གཉིས་ཀྱི་བར་ན་ མི་མང་རྩོད་བསྡུར་འབད་མི་ལས་ བྱུང་ཡོདཔ་ད་ འདེམས་ངོ་གཅིག་གིས་གཅིག་ལུ་ སྐྱོན་བརྗོད་དང་ དམའ་ཕབ་རྐྱབ་པ་གིས་མ་ཚད་ རྒྱ་འབྲུག་གི་ མཐུན་འབྲེལ་ཡང་ བར་ན་བཙུགས་ཏེ་ མི་མང་ལུ་ གོ་བ་བརྡ་ལོག་སྤྲོདཔ་ཨིན་མས།
དེ་བཟུམ་འབད་དགོ་མི་དེ་ཡང་ འབྲུག་ལུ་ མནོ་བསམ་བཏང་ཤེས་མི་དང་ གནད་དོན་ཧ་གོ་མིའིགནས་ཚད་ དམའ་ཤོས་ཡོད་མི་ལས་ གོ་སྐབས་ལེན་དོ་བཟུམ་མའི་ ཚོར་སྣང་བྱུང་ཡོདཔ་ད་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ ཕྱིའི་རྒྱལ་ཁབ་བར་ན་བཙུགས་ནི་དེ་ སྲིད་དང་འབྲེལ་བའི་ ཁེ་ཕན་ལེན་ཐབས་ལུ་ཨིནམ་ལས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་འགལ་བའི་ བྱ་སྤྱོད་ཅིག་ཨིན་རུང་ འབྲེལ་ཡོད་དབང་འཛིན་གྱིས་ཡང་ མ་ཤེསཔ་བཟུམ་བཟོ་སྟེ་ ཐང་བཏང་བཞག་པའི་ མངོན་གསལ་ཡང་བྱུངམ་མས་ཟེར་ ཁྲིམས་ཧ་གོ་མི་ཚུ་གིས་ སླབ་ཨིན་མས།
ང་བཅས་ཀྱིས་ བསམ་ཞིབ་འབད་དགོཔ་ ག་ཅི་ཡོདཔ་ཟེར་བ་ཅིན་ སྦ་གསང་དང་ འདྲོག་འཇིགས་མེད་པར་ ཁ་ཉེས་བཀལ་མི་དང་ རྒྱུད་བསྐུལ་འབད་མིའི་ རྒྱབ་ཁ་ལས་ ག་ཡོདཔ་ཨིན་ན་དང་ ག་ཅི་སྦེ་ འབདཝ་ཨིན་ན་ དེ་ལས་ འབད་དགོ་པའི་ གནད་དོན་ག་ཅི་ཨིན་ན་ ལྟ་དགོཔ་དེ་གལ་ཆེ།
དེ་ལས་ འབྲུག་དང་ རྒྱ་གར་གྱི་ མཐུན་འབྲེལ་དམ་ཟབ་ག་དེ་སྦེ་ཡོདཔ་ཨིན་ན་ ཀུན་གྱི་ཤེས་ས་དང་ མཐོང་ས་ལུ་ཨིནམ་མ་ཚད་ འབྲུག་རྒྱལ་ཁབ་ནང་ སྤྱི་ལོ་༡༩༦༠ རེ་གྲངས་ལས་ ལོ་ལྔའི་གོང་འཕེལ་འཆར་གཞི་འགོ་བཙུགས་ཞིནམ་ལས་ཚུར་ མ་དངུལ་གྱི་ གྲོགས་རམ་གནང་དང་གནང་བཞིན་དུ་ཡོད་པ་གིས་མ་ཚད་ འཆར་གཞི་༡༠ པ་ཡང་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་སྟེ་ འཆར་གཞི་༡༡ པ་དེ་ ད་རིས་ཀྱི་ཟླཝ་ནང་ལས་ འགོ་བཙུགསཔ་བཞིན་དུ་ མ་དངུལ་གྲོགས་རམ་ཡང་ རྒྱ་གར་གཞུང་གིས་ བྱིན་ནི་སྦེ་ ཁས་ལེན་འབད་དེ་ཡོདཔ་ཨིན།
ཨིན་རུང་ འབྲུག་རྒྱལ་ཁབ་འདི་ དམངས་གཙོའི་གཞུང་ བཙག་འཐུ་འབད་ནིའི་དོན་ལུ་ སྲིད་དོན་ཚོགས་པ་དང་ སྲིད་དོན་པ་ཚུ་ བསྐུལ་བསྒྲགས་འབད་བའི་བསྒང་ཡོད་པའི་ ནམ་དུས་ལུ་ དཔྱད་རིག་རྣམ་རྟོག་མེད་པར་ སྤྱི་ཟླ་༧ པའི་ཚེས་༡ ལས་ རྒྱ་གར་གཞུང་གིས་ འབྲུག་ལུ་ མེ་རླུང་རྒྱ་རྫི་དང་ ས་མར་ཁུའི་ཕབ་ཆག་བྱིན་མི་དེ་ ཆ་མེད་བཏང་མི་ལུ་བརྟེན་ སྤྱིར་བཏང་མི་སེར་ཚུ་ལུ་ བྱེམ་སྦོམ་སྦེ་ར་ཕོག་ཡོདཔ་ཨིན།
དེ་སྦེ་ ཕབ་ཆག་ཆ་མེད་བཏང་དགོ་པའི་ རྒྱུ་རྐྱེན་ག་ཅི་ཨིན་ན་ མི་སེར་ཚུ་གིས་ བསམ་ཞིབ་འབད་དགོཔ་དེ་ཡང་གལ་ཆེ། ག་འཆརཔ་ཟེར་བ་ཅིན་ འབྲུག་འདི་ རང་དབང་རང་བཙན་རྒྱལ་ཁབ་ཨིནམ་ལས་ ཕྱིའི་རྒྱལ་ཁབ་ག་ཨིན་རུང་ འབྲུག་གི་སྲིད་དོན་ནང་ བར་ཆད་རྐྱབ་ནི་དང་ ཐེ་གཏོགས་འབད་ནི་གི་ དབང་ཚད་མེདཔ་ཨིན།
ང་བཅས་ཀྱིས་ ད་རེས་ནངས་པའི་ གནས་སྟངས་ལུ་ ལྟ་བ་ཅིན་ འབྲུག་རྒྱལ་ཁབ་ཀྱི་ ཉེན་སྲུང་དང་ རང་བཙན་ལུ་ གནོད་ཉེན་སྦོམ་ཡོདཔ་ལས་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
དེ་ཡང་ ག་དེ་སྦེ་སྨོ་ཟེར་བ་ཅིན་ མཐའན་མཇུག་ལུ་ མི་སེར་ཚུ་གི་དོན་ལུ་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གཉིས་ ཁག་ཆེ་ནི་མིན་པར་ འབྲུག་རྒྱལ་ཁབ་འདི་ ག་ནི་བ་ གལ་ཆེ་ནི་ཨིནམ་ལས་ མི་སེར་ཚུ་གིས་ ན་འཐན་མནོ་བསམ་གཏང་དགོ་པའི་ དུས་ཚོད་གནད་འགག་ཅན་ནང་ ལྷོད་ཡོད་ཟེར་ ཞུ་ནི་ཨིན།

No comments:

Post a Comment