གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐང་འགྲུལ་པའི་ཉིནམ་ འཕྲོ་མཐུད་བརྩི་སྲུང་འབད་ནི་ཨིན་ན་མེན་ན་ བཙག་འཐུ་ལུ་ རག་ལས་ནི།

༩/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༧ ལུ་ རྐང་འགྲུལ་པའི་ཉིནམ་བརྩི་སྲུང་འབད་ཡོདཔ་ཨིན་རུང་ མི་སེར་ལ་ལུ་ཅིག་གིས་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལས་ ཉིནམ་དེ་ འཕྲོ་མཐུད་དེ་ར་བཞག་འོང་ག་ ཡང་ཅིན་བཤོལ་བཞག་འབད་འོང་ག་ཟེར་བའི་ བློ་སླབ་མི་ ཐོན་དོ་ཡོདཔ་ཨིན་པས།
རྐང་འགྲུལ་པའི་ཉིནམ་ལུ་ མི་ཚུ་འཁོར་ལམ་བདའ་སྟེ་ རྐང་སྟོང་འགྱོ་བའི་བསྒང་།


མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་སྐྱོང་ནི་གི་གོ་སྐབས་འཐོབ་པ་ཅིན་ རྒྱལ་ཁབ་ནང་ རྐང་འགྲུལ་པའི་ཉིནམ་ཟེར་ བརྩི་སྲུང་འབད་མི་དེ་ མཇུག་འོང་ནི་ཨིན་པས།
དེ་འབདཝ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ ལོག་སྟེ་ར་ གཞུང་སྐྱོང་གི་གོ་སྐབས་འཐོབ་པ་ཅིན་ རྐང་འགྲུལ་པའི་ཉིནམ་ཟེར་ ཟླཝ་རེ་གི་བར་ན་ ཚར་རེ་བརྩི་སྲུང་འབད་མི་དེ་ འཕྲོ་མཐུད་དེ་ར་འབད་ནི་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ བརྡ་བརྒྱུད་ངོ་ཚབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྐང་འགྲུལ་པའི་ཉིནམ་བརྩི་སྲུང་འབད་བའི་སྐབས་ ཁྲོམ་ཁ་ལས་ཕར་རྐྱངམ་ཅིག་ སྣུམ་འཁོར་བདའ་མ་ཆོགཔ་མ་གཏོགས་ གཞན་ཁ་དེ་ ཨ་རྟག་ཧ་ལུགས་སྦེ་ར་ཡོད་ཟེར་ཨིན་པས། དེ་མ་ཚད་ མི་ལུ་ན་ཚ་དང་ ཤི་རྐྱེན་དེ་ལས་ གློ་བུར་གྱི་ལཱ་ཡོད་པ་ཅིན་ དེ་ལུ་ བདེ་སྒྲིགས་འབད་ནི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་སྐྱོང་གི་གོ་སྐབས་ཐོབ་སྟེ་ རྐང་འགྲུལ་པའི་ཉིནམ་བརྩི་སྲུང་འབད་ནི་དེ་ དེམ་ཅིག་སྦེ་མཇུག་བསྡུ་ནི་ཨིན་པ་ཅིན་ དེ་གིས་རང་གི་རྒྱལ་ཁབ་ནང་ མི་སེར་ཚུ་ལུ་ གནོད་པ་འོང་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ བཤད་མི་ནང་ རྐང་འགྲུལ་པའི་ཉིནམ་བརྩི་སྲུང་འབད་ནི་དེ་ མཇུག་བསྡུ་བ་ཅིན་ དེ་གིས་་གནས་སྐབས་ཅིག་གི་ ཕན་ཐོགས་ཡོདཔ་མ་གཏོགས་ མ་འོངས་པའི་ནང་ གནོད་པ་འོང་ཟེར་ཨིན་པས།
ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་འོགམ་ དམ་ཆོས་རྡོ་རྗེ་གིས་བཤད་མི་དང་འཁྲིལཝ་ད་ ཁོང་གིས་ གཞུང་སྐྱོང་གི་གོ་སྐབས་ཐོབ་པ་ཅིན་ འགོ་དང་པ་ར་ རྐང་འགྲུལ་པའི་ཉིནམ་བརྩི་སྲུང་འབད་ནི་དེ་ དེམ་ཅིག་སྦེ་ མཇུག་བསྡུ་སྟེ་བཞག་ནི་དེ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་འཐོབ་པ་ཅིན་ སྤྱི་ཟླ་༧ པའི་ཚེས་༦ ལུ་བརྩི་སྲུང་འབད་མི་ རྐང་འགྲུལ་པའི་ཉིནམ་དེ་ མཇུག་ར་དེ་འོང་ཟེར་ཨིན་པས།
རྐང་འགྲུལ་པའི་ཉིནམ་ཟེར་ བརྩི་སྲུང་འབད་མི་དེ་གིས་ མི་སེར་ཚུ་ལུ་ སྟབས་མ་བདེཝ་བཟོཝ་མས་ཟེར་ དམ་ཆོས་རྡོ་རྗེ་གིས་སླབ་ཨིན་པས།
རྐང་འགྲུལ་པའི་ཉིནམ་བརྩི་སྲུང་འབད་མི་དེ་གིས་ ཚོང་རྐྱབ་སྡོད་མི་ ཚོང་པ་ཚུ་ལུ་ སྟབས་མ་བདེ་ཁག་ཁ་ བཟོཝ་མས་ཟེར་ཨིན་པས།
ཨིན་རུང་ རྐང་འགྲུལ་པའི་ཉིནམ་དེ་ ལོ་རེ་ནང་ ཚར་གཅིག་བརྩི་སྲུང་འབད་རུང་བཏུབ་པས་ཟེར་ དམ་ཆོས་ཀྱིས་བཤད་ཅི།
རྐང་འགྲུལ་པའི་ཉིནམ་ འགོ་དང་པ་དེ་ར་ རེས་གཟའ་ལྷགཔ་ཨ་རྟག་ར་ བརྩི་སྲུང་འབད་ནི་སྦེ་བཞག་ཡོདཔ་ཨིན་རུང་ ཤུལ་ལས་འབདཝ་ད་ ཟླཝ་རེ་ནང་ཚར་རེ་ཨིནམ་ད་ དེ་ཡང་ ཟླཝ་གི་བདུན་ཕྲག་ཧེ་མམ་གྱི་ རེས་གཟའ་ཟླཝ་ལུ་ བརྩི་སྲུང་འབད་དོ་ཡོདཔ་ཨིན།
འབྲུག་ཕུན་སུམ་ཚོགས་པའི་ བརྡ་བརྒྱུད་ངོ་ཚབ་ཀྱིས་འབད་བ་ཅིན་ རྐང་འགྲུལ་པའི་ཉིནམ་ བརྩི་སྲུང་འབད་དགོ་མི་དེ་ར་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་སྲུང་སྐྱོབ་དང་ ཉམས་སྲུང་འབད་ནི་ལུ་དམིགས་གཏད་བསྐྱེད་དེ་ཨིན་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་དེ་ རང་བཞིན་གནས་སྟངས་ཀྱི་ཕྱུགཔ་པའི་རྒྱལ་ཁབ་ཅིག་འབད་ནི་དེ་གིས་ ཕྱི་རྒྱལ་ཁབ་ལས་ གོང་འཕེལ་གྱི་ གྲོགས་རམ་ཐོབ་མི་དེ་ཡང་ དེ་ལུ་བརྟེན་ཏེ་ཨིན་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ལྟ་བཤལ་པའི་ གྱངས་ཁ་ཡར་སེང་འགྱོ་མི་དེ་ཡང་ དེ་ལུ་བརྟེན་ཏེ་ཨིན་ཟེར་ འབྲུག་ཕུན་སུམ་ཚོགས་པ་གིས་སླབ་ཨིན་པས།
དེ་གི་ལན་ལུ་ དམ་ཆོས་རྡོ་རྗེ་གིས་འབད་བ་ཅིན་ རང་བཞིན་གནས་སྟངས་སྲུང་སྐྱོབ་དང་ ཉམས་སྲུང་འབད་ནི་གི་ ཐབས་ལམ་ རྐང་འགྲུལ་པའི་ ཉིནམ་བརྩི་སྲུང་འབད་ནི་རྐྱངམ་ཅིག་མེན་པར་ ཐབས་ལམ་གཞན་ལེ་ཤ་ཡོད་ཟེར་ཨིན་པས།
དེ་མ་ཚད་ རྐང་འགྲུལ་པའི་ ཉིནམ་བརྩི་སྲུང་འབད་མི་དེ་གིས་ མི་སེར་སྣུམ་འཁོར་ཉོ་ནི་གི་ གྱངས་ཁ་འདིན་ མར་ཕབ་འབད་ར་མ་ཚུགས་ཟེར་ཨིན་པས།
རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ དབྱེ་ཞིབ་ཅིག་འབད་ལྟཝ་ད་ མི་གྲངས་༥༠༠ ཡོད་མི་ནང་ལས་ མི་༣༡༦ གིས་ རྐང་འགྲུལ་པའི་ཉིནམ་དེ་ བརྩི་སྲུང་འབད་དགོཔ་སྦེ་ བློ་འདོད་བཀོད་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment