གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་སའི་མི་སེར་ཚུ་གིས་ ཚོགས་རྒྱན་ནང་ བཅའ་མར་གཏོགས་ཚུགས་ནི།

༡༣/༧/༢༠༡༣   ༉ འགོ་ཐོག་བཙག་འཐུ་བཟུམ་སྦེ་ མགར་ས་རྫོང་ཁག་ནང་ ད་རིས་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུའི་གྲུབ་འབྲས་དེ་ ལེགས་ཤོམ་འོང་ནི་ཨིན་པའི་ རེ་བ་བསྐྱེད་དོ་ཡོད་མི་དེ་ཡང་ རྫོང་ཁག་གི་མི་མང་ཤོས་ཅིག་ར་ རང་སོའི་གཡུས་སྒོ་ནང་ ཡོད་མི་ལུ་བརྟེན་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་ མགར་ས་རྫོང་ཁག་ལྔ་ ལམ་འགྲུལ་འབད་བའི་བསྒང་།


འགོ་ཐོག་བཙག་འཐུའི་སྐབས་ལུ་ མགར་ས་རྫོང་ཁག་ལས་ ཚོགས་རྒྱན་ནང་བཅའ་མར་གཏོགས་མི་ བརྒྱ་ཆ་༧༤ ཐོ་བཀོད་འབད་མི་དེ་ རྫོང་ཁག་༢༠ འི་གྲས་ལས་མཐོ་ཤོས་ཅིག་ཨིནམ་ད་ ད་རིས་ ཚོགས་རྒྱན་གྱི་ཉིནམ་ལུ་ ཆརཔ་མ་རྐྱབ་པ་ཅིན་ གྲུབ་འབྲས་དེ་ ལེགས་ཤོམ་འོང་བའི་རེ་བ་ཡོད་ཟེར་ རྫོང་ཁག་བཙག་འཐུ་ ཐོ་བཀོད་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་བཤད་ཅི།
འགོ་ཐོག་བཙག་འཐུའི་གྲུབ་འབྲས་དེ་ལུ་ལྟ་བ་ཅིན་ ཚོགས་རྒྱན་ནང་བཅའ་མར་གཏོགས་མི་མང་ཤོས་ཅིག་ གཡུས་ཁའི་སོ་ནམ་ཞིང་མི་ཚུ་ཨིནམ་ད་ བཅའ་མར་ལེགས་ཤོམ་སྦེ་གཏོགས་མ་ཚུགས་མི་དེ་ གཙོ་བོ་ར་ ཞི་གཡོག་ནང་ཡོད་མི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་ཨིན་པས།
དེ་ལས་ ཁ་སྨད་དང་ ལུང་ནག་ནང་གི་ འགྲེམ་ཐོག་ཚོགས་རྒྱན་ལུ་ལྟ་བ་ཅིན་ ཡོངས་བསྡོམས་འགྲེམ་ཐོག་ཚོགས་རྒྱན་༦༦ བཏང་མི་ལས་༥ ཆ་མེད་སོང་ཡོདཔ་ད་ དེ་བཟུམ་སྦེ་ ཁ་སྟོད་ལ་ཡ་ལུ་ འགྲེམ་ཐོག་ཚོགས་རྒྱན་༥༦ ཐོབ་མི་ལས་༧ ཆ་མེད་སོང་ཡོདཔ་ད་ རྫོང་ཁག་གི་ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡,༨༤༢ དེ་ཅིག་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ལ་ཡ་དང་ ལུང་ནག་ནང་གི་མི་སེར་ཚུ་ དབྱར་རྩྭ་དགུན་འབུབ་འཐུ་བ་འགྱོ་མི་ཚུ་གིས་ ལོག་རང་སོའི་གཡུས་སྒོ་ནང་ལྷོད་མི་དེ་ཡང་ ཚོགས་རྒྱན་ནང་བཅའ་མར་གཏོགས་ནིའི་ བརྡ་མཚོན་ལེགས་ཤོམ་ཅིག་ཨིནམ་ད་ ལུང་ནག་ནང་གི་ རྒེད་འོག་བདག་སྐྱོང་འགོ་དཔོན་ ཤེས་རབ་ཆོས་འཕེལ་གྱིས་སླབ་མིའི་ནང་ ད་རེས་ མི་ག་ར་ གཡུས་སྒོའི་ནང་ཡོདཔ་ལས་ ཁོང་གིས་ ཚོགས་རྒྱན་ནང་ལེགས་ཤོམ་སྦེ་ར་ བཅའ་མར་གཏོགས་འོང་ མནོ་བའི་རེ་བ་ཡོད་ཟེར་ཨིན་པས།
ལྷག་པར་དུ་ ལུང་ནག་ནང་གི་མི་ཚུ་ ས་ཁ་དམའ་ས་ སྤུ་ན་ཁ་ལུ་ བཟའ་འཐུང་གི་རིགས་བཏོན་པ་མ་འགྱོ་མི་དེ་གིས་ བཙག་འཐུའི་ནང་བཅའ་མར་གཏོགས་ཚུགས་ནི་ཨིནམ་ད་ སྤྱིར་བཏང་ དུས་ཚོད་འ་ནེམ་ཅིག་ཁར་ ཁོང་ས་ཁ་དམའ་ས་ལུ་འོང་དོ་ཡོདཔ་ཨིན་རུང་ དུས་ཅི་ བཙག་འཐུའི་ཤུལ་ལས་རྐྱངམ་གཅིག་འགྱོ་ནི་ཨིན་མས་ཟེར་ ཤེས་རབ་ཆོས་འཕེལ་གྱིས་སླབ་ཅི།
རྫོང་ཁག་གི་རྒེད་འོག་༤ ནང་གི་ དབྱར་རྩྭ་དགུན་འབུབ་ཀྱི་ རིན་བསྡུར་འབད་ནིའི་ཉིནམ་དེ་ཡང་ ཨ་རྟག་འབད་བ་ཅིན་ སྤྱི་ཟླ་༧ པའི་ཚེས་༡༤ དང་༡༥ གི་ནང་འཁོད་ལུ་ འབད་དོ་ཡོདཔ་ཨིན་རུང་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༧ དང་༢༩ ལུ་ཕར་ཕུད་འབད་ཡོདཔ་ཨིན་པས།
ལ་ཡཔ་ཚུ་ཡང་ འབུབ་འཐུ་ས་ལས་ ལོག་གཡུས་ཁར་ལྷོད་ཡོདཔ་ད་ ཁོང་གི་ བཟའ་འཐུང་གི་ མཁོ་ཆས་གཏོན་ནིའི་དུས་ཚོད་དེ་ གནམ་བྱཱར་ལུ་ཨིན་རུང་ དུས་ཅི་ དུམ་གྲ་ཅིག་བསྒུགས་སྡོད་མི་གིས་ ཚོགས་རྒྱན་ནང་བཅའ་མར་གཏོགས་ཚུགས་ནི་ཨིནམ་ད་ ཁ་སྨད་རྒེད་འོག་ནང་འབད་བ་ཅིན་ ལྕང་ལཱ་མཇུག་བསྡུ་ཡོད་པའི་ཁར་ ཁ་སྟོད་ལུ་ སོ་ནམ་ཞིང་ལཱ་འབད་ཚར་ནི་དེ་གིས་ རྒེད་འོག་༢ ཀྱི་མི་སེར་ཚུ་གིས་ཡང་ ཚོགས་རྒྱན་ནང་ འབྲེལ་གཏོགས་འབད་ཚུགས་ནི་ཨིན་པས།
བཙག་འཐུ་དེ་ ལེགས་ཤོམ་སྦེ་འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ ལུང་ནག་ནང་ལུ་ མི་༡༩ འབད་མི་ བཙག་འཐུ་འགོ་འདྲེན་འཐབ་མིའི་སྡེ་ཚན་ཅིག་ སྤྱི་ཟླ་༧ པའི་ཚེས་༩ ལུ་ ལྷོད་ཡོདཔ་ད་ དེ་བཟུམ་སྦེ་ ལ་ཡ་ལུ་ བཙག་འཐུ་འགོ་དཔོན་ཚུ་ སྤྱི་ཚེས་༡༠ ལུ་ ལྷོད་ཡོདཔ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment