གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་ བཙག་འཐུ་འགྲུབ་པ་ཅིན་ ཕྱག་ཞུ་ནི་ལུ་གྲ་སྒྲིག་ཡོད་པའི་གསལ་བཀོད།

༡༣/༧/༢༠༡༣   ༉ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ད་རིས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ གཙོ་བོ་ར་ ཚོགས་པའི་འདེམས་ངོ་དང་ གཙོ་འཛིན་ དཔལ་འབྱོར་གནས་སྟངས་ རྒྱལ་ཡོངས་གནད་དོན་ དེ་ལས་ བསྐུལ་བསྒྲགས་དང་ འདས་པའི་ ལོ་༥ འི་གྲུབ་འབྲས་ཚུ་ལུ་ གཞི་བཞག་ཐོག་ ཚོགས་རྒྱན་བཙུགས་འོང་མནོ་བའི་རེ་བ་ཡོད་ཟེར་ཨིན་པས།


སྤྱི་ཟླ་༧ པའི་ཚེས་༡༡ གི་ དྲོ་པའི་ཆུ་ཚོད་༩ ལས་ བསྐུལ་བསྒྲགས་ཀྱི་རིགས་ ག་ནི་ཡང་འབད་མ་ཆོག་པའི་ དུས་ཚོད་མ་རནམ་གཅིག་ཁར་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཁོ་གི་ཚོགས་པ་གིས་ ད་རིས་ཚོགས་རྒྱན་གྱི་ཉིནམ་ལུ་ ཚོགས་རྒྱན་གྱངས་ཁ་རྐྱབ་ཚརཝ་ད་ གྲུབ་འབྲས་ལེགས་ཤོམ་ འཐོན་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
བསྐུལ་བསྒྲགས་མཇུག་བསྡུཝ་དང་འབྲེལ་ བསྐུལ་བསྒྲགས་མཇུག་གི་འཛོམས་འདུ་ཐེངས་༢ ཚོགས་པའི་ཤུལ་ལུ་ སྤུ་ན་ཁ་རྫོང་གི་ མ་ཆེན་སྐུ་འདུན་ལུ་ མ་འགྱོ་བའི་ཧེ་མར་ ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ ཤར་ལྷོ་ནུབ་དང་ དབུས་ཕྱོགས་ག་ར་ལས་ གྲུབ་འབྲས་ལེགས་ཤོམ་འཐོན་པའི་འོས་འབབ་ཡོདཔ་མ་ཚད་ སྤྱིར་བཏང་ལུ་ ཚོགས་པའི་རྒྱལ་ཁ་གི་འོས་འབབ་དེ་ ག་ཅི་ལས་འབད་རུང་ ད་ཚུན་འོས་འབབ་ཅན་ཅིག་སྦེ་ར་ ཐོན་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ སྤྱིར་བཏང་བཙག་འཐུའི་ནང་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་འཐོབ་ནི་གི་འོས་འབབ་ ཡོད་མེད་ཀྱི་ དྲི་བཀོད་འབད་བའི་སྐབས་ ཁོ་གིས་འབད་བ་ཅིན་ ད་ལྟོ་ལས་སླབ་ནི་དེ་ དུམ་གྲ་ཅིག་ཧ་བས་ཟེར་ཨིནམ་ད་ དེ་ཡང་ སྲིད་ཚོགས་༢ ཀྱི་བར་ན་ དོ་འགྲན་ཅན་གྱི་གནས་སྟངས་ཐོག་ཡོདཔ་མ་ཚད་ ད་ལྟོ་ལས་ ཚོད་རྩིས་བཏོན་སླབ་ནི་ལུ་ འབྲུག་མི་ཚོགས་རྒྱན་བཙུགས་མི་ཚུ་གི་ བློ་རིག་རྣོ་བའི་ རྣམ་སྤྱོད་སྒོ་ཡངས་ལུ་ ག་གིས་ཡང་ སླབ་མི་ཤེས་ཟེར་ཨིན་པས།
དུས་ཅི་གི་བཙག་འཐུ་དེ་ སྤྱི་ལོ་༢༠༠༨ དང་ མ་འདྲ་མི་དེ་ཡང་ ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་བཙག་འཐུ་དེ་ ག་ནི་བ་གལ་ཅན་དང་ གནས་སྟངས་འཚུབ་དྲགས་ཅན་ཅིག་ཨིནམ་ལས་ བཙག་འཐུ་དེ་ རྩ་ཆེ་ཤོས་ཅིག་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ ཚེ་རིང་སྟོབས་རྒྱས་ཀྱིས་ ཧཱ་གི་འདེམས་ཁོངས་ཅིག་གི་ འདེམས་ངོ་སྦེ་དོ་འགྲན་འབད་ཡོདཔ་ད་ ཁོ་གིས་སླབ་མིའི་ནང་ བཙག་འཐུ་དེ་ དམངས་གཙོའི་རིང་ལུགས་ནང་ ལུགས་མཐུན་བཟོ་ཐབས་ལུ་ཨིན་ཟེར་ཨིནམ་ད་ དེ་བསྒང་ དམངས་གཙོའི་རིང་ལུགས་དེ་ འགོ་བཙུགས་པའི་དུས་ཚོད་ཨིནམ་བཞིན་དུ་ ད་ལྟོའི་གནས་སྟངས་ནང་བཟུམ་ཅིག་འབད་རུང་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་ནང་ གཙོ་རིམ་ཅན་ཅིག་ཨིནམ་ལས་ བཙག་འཐུའི་གནས་སྟངས་དེ་ ག་ནི་བ་གལ་ཅན་ཅིག་ཨིནམ་བཞིན་དུ་ ག་ནི་བ་གལ་ཆེ་བའི་ ད་རིས་ཀྱི་ བཙག་འཐུའི་གྲུབ་འབྲས་འདི་ལུ་ རག་ལས་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ཀྱི་ལོ་དེ་ རྒྱལ་རབས་ཅན་ཅིག་ཨིནམ་བཞིན་དུ་ འབྲུག་གི་མ་འོངས་པའི་དཔེ་དེ་ དུས་ཅི་གི་བཙག་འཐུའི་ གྲུབ་འབྲས་ལུ་རག་ལས་ཟེར་ཨིནམ་ལས་ མི་མང་ཆ་མཉམ་གྱིས་ར་ བཙག་འཐུ་དེ་ གལ་ཅན་ཅིག་སྦེ་ ཆ་གནས་འབད་དགོཔ་འདུག་ཟེར་ཨིན་པས།
བཙག་འཐུ་དེ་ ཚེ་རིང་སྟོབས་རྒྱས་ཀྱི་དོན་ལུ་ གལ་ཅན་ཅིག་ཨིན་མི་དེ་ཡང་ འདས་པའི་བཙག་འཐུ་ལས་མ་འདྲཝ་ དུས་ཅི་ཁོ་ར་ ཚོགས་པའི་གཙོ་འཛིན་གྱི་འགོ་གནས་ཐོག་ དོ་འགྲན་འབད་ནི་དེ་གིས་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ་གིས་འབད་བ་ཅིན་ དུས་ཅི་གི་བཙག་འཐུ་དེ་ ཁག་ཆེཝ་ཨིན་རུང་ སྲིད་ཚོགས་ག་གིས་ རྒྱལ་ཁ་འཐོབ་དགོཔ་ཨིན་ན་ མི་སེར་གྱི་ལག་པར་ཡོདཔ་ལས་ སྲིད་ཚོགས་༢ ཀྱིས་ མཉམ་འབྲེལ་ཐོག་ རྒྱལ་ཁབ་ཀྱི་དཀའ་ངལ་ཚུ་ སེལ་ཐབས་འབད་ནི་ཨིན་ཟེར་བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་དེ་ མང་ཤོས་ར་ དམངས་གཙོ་ཚོགས་པ་ལུ་བཙུགས་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ལས་ འགྲེམ་ཐོག་ཚོགས་རྒྱན་གྱིས་ དམངས་གཙོ་ཚོགས་པའི་ གྲུབ་འབྲས་ལུ་ ལྷན་ཐབས་སྦོམ་འབྱུང་ནི་གི་འོས་འབབ་ཡོད་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ འདས་པའི་བདུན་ཕྲག་༣ དེ་ཅིག་ནང་ མི་ངོ་གྱངས་ཁ་མ་ཆོདཔ་ཅིག་གིས་ ཁོང་གི་འགྲེམ་ཐོག་ཚོགས་རྒྱན་དེ་ དམངས་གཙོ་ཚོགས་པ་ལུ་ བཙུགས་ཡོདཔ་སྦེ་ འགྲུལ་འཕྲིན་ཚུ་ ལྷོད་ཅི་ཟེར་ཨིན་པས།
བཙག་འཐུ་ནང་ལས་ རྒྱལ་རུང་ཕམ་རུང་ གཙོ་བོ་ར་ བཙག་འཐུའི་གྲུབ་འབྲས་དང་བསྟུན་ རང་ལུ་ཕོག་པའི་འགན་འཁྲི་དེ་ འབག་ཐོག་ལ་ གཞུང་དང་ མི་སེར་ལུ་ཕྱག་ཞུ་ནི་གི་དོན་ལུ་ ཁ་ར་གྲ་སྒྲིག་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment