གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་གཞོན་ཚུ་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་ལུ་ དཔའ་ཞུམ་ཡོདཔ།

༦/༧/༢༠༡༣   ༉ སྲིད་དོན་ཚོགས་པའི་ འདེམས་ངོ་༡ དང་གཅིག་ཁར་ གསར་སྤང་དང་ བསམ་རྩེ་རྫོང་ཁག་༢ ཀྱི་ གཡུས་ཚན་དང་ རྒེད་འོག་སོ་སོའི་ནང་ ལམ་འགྲུལ་འབད་བའི་ ཉམས་མྱོང་ཐོབ་མི་ལུ་ལྟ་སྟེ་ སྐྱེས་ལོ་༢༡ ལང་མི་དང་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ ཧེམ་རཱཇ་གུ་རུང་གིས་ སླབ་མིའི་ནང་ མ་འོངས་པ་ལུ་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་ལུ་ དཔའ་ཞུམ་ཅི་ཟེར་ཨིན་པས།
གསར་སྤང་གི་འདེམས་ངོ་ ནཱན་ད་ལཱལ་རའེ་དང་ བསམ་རྩེའི་འདེམས་ངོ་ དུར་ག་པར་སཱད་༢ དང་ ཆ་རོགས་འབད་འགྱོ་མི་ ན་གཞོན་ཚུ་གིས་ བསམ་རྩེ་སིབ་སུའི་ གཡུས་ཚན་ཅིག་ནང་ བསྐུལ་བསྒྲགས་འབད་བའི་བསྒང་།


དེ་ཡང་ ཧེམ་རཱཇ་གུ་རུང་དེ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ གསར་སྤང་རྫོང་ཁག་ལས་ ནཱན་ད་ལཱལ་རའེ་གི་ བསྐུལ་བསྒྲགས་སྐབས་ ཆ་རོགས་སྦེ་ འགྱོ་མི་ཅིག་ཨིནམ་ད་ ཁོ་ཡང་ གསར་སྤང་རྫོང་ཁག་ལས་ཨིནམ་ལས་ འདེམས་ངོ་དང་ ཆ་རོགས་སྦེ་ འགྱོ་ནི་གི་ ཁས་བླངས་པ་སྦེ་ ཐོན་མི་དེ་ཡང་ གྲོང་གསེབ་ཀྱི་ འཚོ་བའི་གནས་སྟངས་དང་ དམངས་གཙོའི་རིང་ལུགས་ དེ་ལས་ སྲིད་དོན་སྐོར་ལས་ ཤེས་རྟོགས་འབྱུང་ནི་མས་མནོ་སྟེ་ཨིན་པས།
རྒྱལ་ཁམ་ནང་འཁོད་ལུ་ ག་ཅི་འབདཝ་ཨིན་ན་ གནས་ཚུལ་ལྷག་ནི་རྐྱངམ་གཅིག་མིན་པར་ མི་སེར་ཚུ་དང་ འབྲེལ་བ་ཐད་ཀར་དུ་ འཐབ་ཐོག་ལས་ ཤེས་ཚུགས་ནི་མས་མནོ་སྟེ་ ཁས་བླངས་པ་སྦེ་ ཐོན་ཡི་ཟེར་ ཧེམ་རཱཇ་གུ་རུང་གིས་ སླབ་ཨིན་པས།
ཁོ་དང་གཅིག་ཁར་ ཆ་རོགས་ཨམ་སྲུ་ སྐྱེས་ལོ་༡༩ ལང་མི་ ཕུན་ཚོགས་དབང་མོ་དང་ སྐྱེས་ལོ་༢༠ ལང་མི་ ཨྱོན་དཔལ་མོ་༢ ཡོད་མི་དེ་ཡང་ སྲིད་དོན་སྐོར་ལས་ ཉམས་མྱོང་གསརཔ་འཐོབ་ནིའི་དོན་ལུ་ ཁས་བླངས་འབད་དེ་ གསར་སྤང་རྫོང་ཁག་ནང་ འོང་ཡོདཔ་ཨིན་པས།
ང་བཅས་ཀྱིས་ འབྲུག་ཕུན་སུམ་ཚོགས་པའི་ ཡིག་ཚང་ནང་སོང་སྟེ་ བསྐུལ་བསྒྲགས་ཚུ་ནང་ ཆ་རོགས་སྦེ་ འགྱོ་ནི་ཨིན་ཟེར་ སླབ་ཡོདཔ་བཞིན་དུ་ ཚོགས་པ་གདམ་ཁ་རྐྱབ་མི་དེ་ཡང་ གཞུང་སྐྱོང་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ ཉམས་མྱོང་ཡོད་མི་ལུ་བརྟེན་ཨིན་ཟེར་ ཁོང་གིས་ སླབ་ཨིན་པས།
ཕུན་ཚོགས་དབང་མོ་དང་ ཨྱོན་དཔལ་མོ་༢ གསར་སྤང་རྫོང་ཁག་ནང་ འགོ་དང་པ་འགྱོ་བའི་སྐབས་ སྟབས་ལེགས་སྟེས་དབང་གིས་སྦེ་ ཁོང་གི་ ཐབས་དང་གནས་སྐབས་ ཅོག་འཐདཔ་ཡོད་མི་ ཧེམ་རཱཇ་གུ་རུང་དང་ཕྱད་དེ་ འདེམས་ངོ་ནཱན་ད་ལཱལ་རའེ་གི་ ཕྱག་ཞུ་སྟེ་ ས་གནས་གཅིག་ལས་གཅིག་ནང་ སོང་ཡོདཔ་ཨིན་པས།
ང་བཅས་ཀྱིས་ འཛོམས་འདུ་ག་རའི་ནང་ འདེམས་ངོ་དང་གཅིག་ཁར་ འབྲེལ་གཏོགས་འབད་དེ་ ཁོང་གིས་ ག་ཅི་སླབ་ཨིན་ན་ ཉནམ་ཨིན་ཟེར་ མོང་སྒར་ལས་ ཕུན་ཚོགས་དབང་མོ་གིས་ བཤད་པའི་ཁར་ དེ་བསྒང་ ང་བཅས་ཀྱིས་ གྲོང་གསེབ་མི་སེར་ཚུ་དང་ ཁ་སླབ་སྟེ་ ཁོང་རའི་ མི་ཚེའི་གནས་སྟངས་སྐོར་ལས་ ཧ་གོ་ཐབས་འབདཝ་ཨིན་ཟེར་ སླབ་ཨིན་པས།
བསམ་རྩེ་ལས་ ཨྱོན་དཔལ་མོ་གིས་ སླབ་མིའི་ནང་ གྲོང་གསེབ་ཚུ་ནང་ གོང་འཕེལ་གྱིས་ ཕན་ཁྱད་བྱུང་ཡོད་པའི་ མཐོང་སྣང་བྱུངམ་ཨིན་རུང་ འཁོར་ལམ་དང་ འཐུང་ཆུ་ གློག་མེའི་མཐུན་རྐྱེན་ཚུ་ ལྷག་པར་དུ་ ཡར་དྲག་གཏང་དགོཔ་འདུག་ཟེར་ཨིནམ་ད་ འདས་པའི་གཞུང་གིས་ གྲུབ་འབྲས་ཚུ་ མངོན་གསལ་ཆེཝ་སྦེ་ བྱུང་ཡོད་རུང་ དུས་ཡུན་ཐུང་ཀུའི་ནང་ རྫུ་འཕྲུལ་བཟུམ་སྦེ་ གྲུབ་འབྲས་བཏོན་མི་ཚུགས་ནི་ཨིནམ་ ཧ་གོཝ་ཨིན་ཟེར་ སླབ་ཨིན་པས།
བདུན་ཕྲག་ཧེ་མའི་ནང་ ཁོང་གསུམ་ ནཱན་ད་ལཱལ་རའི་དང་ཕྱག་ཞུ་སྟེ་ བསམ་རྩེ་ལུ་སོང་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ གྲོང་གཡུས་ཚུ་ནང་ མི་སེར་ཚུ་ སྲིད་དོན་ཚོགས་པ་༢ ཀྱི་དོན་ལུ་ ཁག་དབྱེ་སྟེ་ སྡོད་སར་མཐོངམ་མས་ཟེར་ཨིནམ་ད་ འདི་ལེགས་ཤོམ་མིན་པས་ཟེར་ ཕུན་ཚོགས་དབང་མོ་གིས་ སླབ་ཨིན་པས།
ཧེམ་རཱཇ་གིས་འབད་བ་ཅིན་ ན་གཞོན་ཚུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་མ་འོངས་པ་སྦེ་ བརྩི་འཇོག་གནངམ་ཨིན་རུང་ ད་རེས་ནངས་པའི་ བཙག་འཐུའི་བྱ་རིམ་ཚུ་ལུ་ལྟཝ་ད་ སྲིད་དོན་ནང་ འཛུལ་ཞུགས་འབད་ཐོག་ལས་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་ནི་གི་ གོ་སྐབས་ལེན་ནི་ལུ་ སེམས་ཤུགས་ཞན་བཅུགཔ་མས་ཟེར་ཨིན་པས།
ད་རེས་ནངས་པ་ སྲིད་དོན་ཚོགས་པ་གཅིག་གིས་གཅིག་ལུ་ ཁ་ཉེས་བཀལ་ནི་དང་ སྐྱོན་བརྗོད་འབད་མི་དེ་གིས་ སྲིད་དོན་གནས་སྟངས་སྐྱོ་དྲགས་བཟོཝ་མས་ཟེར་ ཁོ་གིས་ བཤད་པའི་ཁར་ དེ་སྦེ་ སླབ་མི་ཚུ་ བདེན་རྫུན་ག་དེ་སྦེ་ཡོདཔ་ཨིན་ན་ མི་ཤེས་དོ་ཡོདཔ་ཨིན་རུང་ ངན་ལྷད་ཚུ་གི་སྐོར་ལས་ ལོ་རྒྱུས་ཚུ་གོཝ་ད་ ཁོ་རའི་ མི་ཚེའི་ནང་ སྲིད་དོན་ནང་ བཅའ་མར་གཏོགས་མ་མནོ་ཟེར་ སླབ་ཨིན་པས།
འདེམས་ངོ་དེ་ གཡུས་ཚན་བཤལ་ཏེ་འགྱོཝ་ད་ གྲོང་གསེབ་མི་སེར་ལ་ལུ་ཅིག་གིས་ ངོས་ལེན་འབད་ཐངས་ལུ་ལྟཝ་ད་ སེམས་ཕམ་བྱུངམ་མས་ཟེར་ ཨྱོན་དཔལ་མོ་གིས་ བཤད་པའི་ཁར་ སྲིད་དོན་དེ་ རང་གིས་ ལཱ་ལེགས་ཤོམ་ག་དེམ་ཅིག་ར་འབད་རུང་ མི་སེར་ཚུ་ལས་ ཡིད་ཆེས་རྩ་ལས་མེད་པའི་ བརྡ་མཚོན་སྟོན་དོ་ཡོདཔ་ལས་ མ་འོངས་པ་ལུ་ སྲིད་དོན་ཚོགས་པ་ཅིག་གིས་ སྲིད་དོན་ནང་ འཛུལ་ནི་གི་ གོ་སྐབས་བྱིན་པ་ཅིན་ མོ་གི་ ཁ་ཐུག་ལས་ རྩ་ལས་ར་ ཁ་མི་བཟེད་ཟེར་ སླབ་ཨིན་པས།
རང་གིས་ ཁས་བླངས་ཚུ་ ཚུལ་མཐུན་དང་ དྲང་བདེན་ཐོག་ལས་འབད་རུང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ མ་བདེན་པའི་ ཁས་བླངས་ཨིན་མས་ཟེར་ ཡིད་ཆེས་བསྐྱེད་མི་བཏུབ་ནི་མས་ཟེར་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་ཨིན་པས།
ཁོང་གསུམ་བཟུམ་སྦེ་ རྫོང་ཁག་སོ་སོའི་ནང་ ཁས་བླངས་ཐོག་ལས་སོང་མི་༢༢ ཡོད་མི་དེ་ཡང་ བཙག་འཐུའི་ཉམས་མྱོང་ཚུ་ ཐོབ་ཐབས་ལུ་ཨིནམ་ད་ ཁོང་གི་གྲས་ལས་ ཆུ་ཁ་ལས་ སྐྱེས་ལོ་༡༩ ལང་མི་ པ་སངས་བུ་དར་དེ་གི་ སྣང་བ་ལུ་ སྲིད་དོན་དེ་ ལུང་ཕྱོགས་ཀྱི་བར་ན་ དབྱེ་བ་ཕྱེ་བའི་ ཐབས་བྱུས་ངན་པ་ཅིག་ཨིནམ་ལས་ མོ་ སྲིད་དོན་ནང་ འཛུལ་ཞུགས་མི་འབད་ནི་སྦེ་ ཐག་བཏོག་ཅི་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment