གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཆོད་རྟེན་སློངས་མི་ ཕོ་སྐྱེས་༢ ལུ་ བཙོན་ཁྲིམས་ལོ་ངོ་༡༨ དང་༡༥ བཀལ་ཡོདཔ།

༦/༧/༢༠༡༣   ༉ ཁ་ཙ་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ མོང་སྒར་རྫོང་ཁག་ འབྲས་སྤུངས་རྒེད་འོག་དང་ བཱ་ལམ་རྒེད་འོག་༢ ལས་ སྐྱེས་ལོ་༢༤ དང་༢༢ ལང་མི་ ཕོ་སྐྱེས་༢ ཀྱིས་ མཆོད་རྟེན་སློངས་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༡༨ དང་ ངོ་༡༥ རིམ་བཞིན་སྨིན་དགོ་པའི་ འཁྲུན་ཆོད་བཏོན་གནང་ཡོདཔ་ཨིན་པས།


དེ་ཡང་ འབྲས་སྤུངས་རྒེད་འོག་ལས་ སྐྱེས་ལོ་༢༤ ལང་མི་ སངས་རྒྱས་གྲུབ་པ་དང་ བཱ་ལམ་རྒེད་འོག་ལས་ སྐྱེས་ལོ་༢༢ ལང་མི་ ཡོན་ཏན་གྲགས་པ་༢ ཀྱིས་ མཉམ་རུབ་ཐོག་ལས་ ཤེས་བཞིན་བསམ་སྦྱོར་གྱི་སྒོ་ལས་ མཆོད་རྟེན་བསྡོམས་༤ སློངས་ཡོདཔ་མ་ཚད་ སངས་རྒྱས་གྲུབ་པ་གིས་ གཟིག་༢ ཀྱི་རུ་ཏོག་ཚུ་ཡང་ ནག་ཚོང་འཐབ་ཡོད་མི་ལུ་བརྟེན་ཨིན་པས།
ཉེས་ཅན་སངས་རྒྱས་གྲུབ་པ་གིས་ སྤྱི་ལོ་༢༠༠༧ ལུ་ འབྲས་སྤུངས་རྒེད་འོག་གི་ ས་གནས་གནག་ཚང་ལུ་ བྱང་ཆུབ་མཆོད་རྟེན་གྱི་ ནང་གཟུངས་སློངས་ཡོད་པའི་ཁར་ ལྷུན་རྩེ་ལུ་སྡོད་པའི་སྐབས་ལུ་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ནང་ འབྲས་སྤུངས་བཙན་མ་ལུ་ཡོད་པའི་ བྱང་ཆུབ་མཆོད་རྟེན་ཅིག་ཡང་ ནང་གཟུངས་སློངས་ཡོདཔ་ཨིན་པས།
ད་རུང་ སངས་རྒྱས་གྲུབ་པ་གིས་ སྤྱི་ལོ་༢༠༡༣ ཟླ་༥ པའི་ཚེས་༢ ཀྱི་ནུབ་མོ་ འབྲས་སྤུངས་ལྕགས་ཟམ་ལུ་ཡོད་མི་ བྱང་ཆུབ་མཆོད་རྟེན་ཅིག་དང་ ཁང་བཟང་མཆོད་རྟེན་ཅིག་འབདཝ་ད་ མཆོད་རྟེན་བསྡོམས་༤ ཤེས་བཞིན་བསམ་སྦྱོར་གྱི་སྒོ་ལས་ སློངས་ཡོདཔ་ལས་ སངས་རྒྱས་གྲུབ་པ་ལུ་ ཉེས་ཆེན་དབྱེ་རིམ་༡ པའི་ བཙོན་ཁྲིམས་ལོ་༡༥ སྨིན་དགོ་པའི་ འཁྲུན་ཆོད་བཏོན་གནང་ཡོདཔ་ཨིན་པས།
དེ་མ་ཚད་ ཁོ་གིས་ སྤྱི་ལོ་༢༠༡༢ ཟླ་༡༡ པའི་ནང་ བུམ་ཐང་ལུ་སྡོད་པའི་སྐབས་ གཡུས་ཁར་འོང་སྟེ་ ཁོ་གིས་ གཞུང་གིས་བདག་བཟུང་འབད་ཡོད་པའི་ རི་དྭགས་སེམས་ཅན་ གཅན་གཟན་གཟིག་༢ ཀྱི་ རུ་ཏོག་ནག་ཚོང་འཐབ་ཡོདཔ་ལས་ བཙན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ འཁྲུན་ཆོད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཉེས་འཛུགས་ཅན་ སངས་རྒྱས་གྲུབ་པ་ཁོ་ར་ ཆུང་ཀུའི་བསྒང་ལས་ར་ ཆོས་ཡོན་ཏན་ག་ནི་ཡང་ མ་ལྷབ་རུང་ རྩིགཔ་རྐྱབ་ནི་ལུ་ མཁས་པ་ཡོདཔ་ལས་ སྤྱི་ལོ་༢༠༠༩ དང་༢༠༡༠ ཚུན་ ལྷུན་རྩེ་ལ་གྲོང་སློབ་གྲྭའི་ དབུ་འཛིན་གྱི་ སྡོད་ཁྱིམ་རྐྱབ་སྟེ་ སྡོད་ཡོདཔ་ཨིན་པས།
དེའི་ཧེ་མར་ སྤྱི་ལོ་༢༠༠༧ ལུ་ རྡོ་རྗེ་དབང་ཕྱུག་ཟེར་མི་དང་མཉམ་ འབྲས་སྤུངས་ཀྱི་ས་གནས་ གནག་ཚང་ཟེར་ས་ལུ་ཡོད་མི་ བྱང་ཆུབ་མཆོད་རྟེན་སློངས་ཡོད་པའི་སྐོར་ལས་ མོང་སྒར་རྒྱལ་པོའི་ཞིང་ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།
ལཱ་ངན་གྱི་སྐོར་ལས་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ནང་ འབྲས་སྤུངས་བྲང་བཙན་མ་ལུ་ཡོད་མི་ བྱ་རུང་ཁ་ཤོར་མཆོད་རྟེན་ཅིག་ སློངས་བའི་སྐོར་ལས་ རྒྱལ་པོའི་ཞིང་གི་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ད་ དེ་བསྒང་ཡང་ ལཱ་ངན་འབད་མི་ཚུ་ བདའ་མ་ཟུནམ་ལས་ འཛིན་བཟུང་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༣ ཟླ་༥ པའི་ཚེས་༢ ཀྱི་ནུབ་མོ་ འབྲས་སྤུངས་ལུ་ ས་གནས་ལྕགས་ཟམ་མ་ཎི་ལུ་ཡོད་མི་ བྱང་ཆུང་མཆོད་རྟེན་༡ དང་ ཁང་བཟང་མཆོད་རྟེན་༡ ཤེས་བཞིན་བསམ་སྦྱོར་གྱི་སྒོ་ལས་ རྒྱལ་པོའི་ཞིང་ཚོང་པ་ཅིག་ལས་ མཆོད་རྟེན་སློངས་ནིའི་ལག་ཆ་ གྱི་ཅུང་ཉོ་འབག་སྟེ་ མཆོད་རྟེན་ཁག་༢ སློངས་ཡོདཔ་ལས་ དེ་བཟུམ་གྱི་ ལཱ་ལུ་ལང་ཤོར་ཐལ་མི་ཅིག་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༡༢ སྤྱི་ཟླ་༡༡ ལུ་ སངས་རྒྱས་གྲུབ་པ་གིས་ བུམ་ཐང་ལུ་ལཱ་འབད་སྡོད་པའི་སྐབས་ལུ་ གཡུས་ཁར་འོང་སྟེ་ ཁོ་གིས་ གཞུང་གིས་བདག་བཟུང་འབད་ཡོད་པའི་ གཅན་གཟན་གཟིག་༢ ཀྱི་ རུ་ཏོག་ནག་ཚོང་འཐབ་ཡོདཔ་ལས་ ཁོ་གིས་ ལཱ་ངན་དེ་ བསམ་སྦྱོར་གྱི་སྒོ་ལས་འབད་བའི་ ངོས་ལེན་བྱུངམ་ལས་བརྟེན་ འབྲུག་གི་ཉེས་འགལ་ཁྲིམས་དེབ་དང་འཁྲིལ་ཏེ་ ཉེས་པ་སྨིན་དགོཔ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཉེས་དོགས་པ་ བཱ་ལམ་ལས་ཨིན་མི་ ཡོན་ཏན་གྲགས་པ་གིས་ཡང་ ཁོ་ར་ སྐྱེས་ལོ་༦ ལངམ་ད་ དགྲ་མེད་རྩེ་བཱ་ལམ་ སློབ་གྲྭ་ནང་ལས་ཐོན་ཏེ་ གཡུས་ཁར་སོ་ནམ་ཞིང་ལཱ་འབད་སྡོད་པའི་སྐབས་ལས་ར་ ཁོ་རའི་ ཁྱིམ་གྱི་ལྟག་ལུ་ཡོད་པའི་ བུམ་གཏེར་མཆོད་རྟེན་ཅིག་ སློངས་ཡོདཔ་ད་ སྤྱི་ལོ་༢༠༡༢ ལས་ ཁོ་རའི་ ཨ་ཁུ་དང་གཅིག་ཁར་ བུམ་ཐང་ལུ་ ཁག་འབག་གི་ལཱ་འབད་སྡོད་པའི་བར་ན་ ཆ་རོགས་སངས་རྒྱས་གྲུབ་པ་ ཕྱད་ཡོདཔ་ཨིན་པས།
དེ་ལས་ ཁོང་༢ ཀྱིས་ གནམ་དགུན་གྱི་ དུས་ཚོད་དེ་ཅིག་ཁར་ མཆོད་རྟེན་སློངས་ནིའི་ བསྟུན་གྲོས་འབད་དེ་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ནང་ འབྲས་སྤུངས་བཙན་མ་ལུ་ཡོད་མི་ བྱ་རུང་ཁ་ཤོར་མཆོད་རྟེན་གྱི་ ནང་གཟུངས་སློངས་ཡོད་པའི་སྐོར་ལས་ རྒྱལ་པོའི་ཞིང་ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༡༡ ལུ་ ཐད་ཀར་དུ་ འཛིན་བཟུང་འབད་མ་ཚུགས་རུང་ ཁོ་རའི་ ཁས་ལེན་གྱི་ངག་བརྗོད་ཕུལ་མི་ནང་ལུ་ ཁོང་༢ ཀྱིས་ ལཱ་ངན་འབད་ཡོད་པའི་སྐོར་ལས་ ཁ་བཟེད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༣ ཟླ་༥ པའི་ཚེས་༢ ཀྱི་ནུབ་མོ་ འབྲས་སྤུངས་ཀྱི་ས་གནས་ ལྕགས་ཟམ་མ་ཎི་ལུ་ཡོད་མི་ བྱང་ཆུབ་མཆོད་རྟེན་༡ དང་ ཁང་བཟང་མཆོད་རྟེན་༡ ཤེས་བཞིན་བསམ་སྦྱོར་གྱི་སྒོ་ལས་ ཁོང་༢ ཀྱིས་བསྡོམས་ མཆོད་རྟེན་༤ རིམ་བཞིན་དུ་ སློངས་ཡོད་པའི་སྐོར་ལས་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
ཡོན་ཏན་གྲགས་པ་གིས་ཡང་ མཆོད་རྟེན་༤ སློངས་ཡོད་རུང་ གཟིག་གི་རུ་ཏོག་བཙོང་མི་ནང་ འབྲེལ་གཏོགས་མེདཔ་ད་ ཁོ་གིས་ འབྲུག་གི་ཉེས་འགལ་ཁྲིམས་དེབ་དང་འཁྲིལ་ སྐུ་གསུང་ཐུགས་རྟེན་དང་ ནང་གཟུངས་དང་འབྲེལ་བའི་ གནོད་འགལ་ཉེས་སྐྱོན་ཨིནམ་ལས་ ཁོ་ལུ་ ཉེས་ཁྲིམས་ལོ་༡༥ བཀལ་ཡོདཔ་ཨིན་པས།
དོགས་ཟོན་ཅན་ སངས་རྒྱས་གྲུབ་པ་དེ་ སྤྱི་ལོ་༢༠༡༣ ཟླ་༥ པའི་ཚེས་༥ ལུ་ འཛིན་བཟུང་འབད་ཡོདཔ་ད་ ཁོ་གིས་ ད་ལས་ཕར་ ལོ་༡༨ བཙོན་ཁྲིམས་སྨིན་དགོཔ་ཨིན་པས།
དེ་བཟུམ་སྦེ་ དོགས་ཟོན་ཅན་ ཡོན་ཏན་གྲགས་པ་དེ་ཡང་ སྤྱི་ལོ་༢༠༡༣ ཟླ་༥ པའི་ཚེས་༡༠ ལུ་ འཛིན་བཟུང་འབད་བའི་ཉིནམ་ལས་ ལོ་༡༥ བཙོན་ཁྲིམས་སྨིན་དགོཔ་ཨིན་པས།
ཨིན་རུང་ རྫོང་ཁག་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་དེ་ལུ་ བསམ་པ་མ་རྫོགས་པ་ཅིན་ དུས་ཡུན་ཞག་གྲགས་༡༠ གྱི་ནང་འཁོད་ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ནིའི་ གོ་སྐབས་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment