གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་བཏང་བཙག་འཐུའི་དོན་ལུ་ གློག་མེ་དང་ བརྒྱུད་འཕྲིན་གྱི་ཞབས་ཏོག་ཚུ་ གྲ་སྒྲིག་འབད་དོ་ཡོདཔ།

༦/༧/༢༠༡༣   ༉ མགར་ས་རྫོང་ཁག་ནང་ གློག་མེའི་དཀའ་ངལ་ འཕྲལ་སྐབས་ར་ ཐོན་ནི་དེ་གིས་ འགོ་ཐོག་བཙག་འཐུའི་སྐབས་ལུ་ཡང་ བཙག་འཐུའི་གྲུབ་འབྲས་ལྟ་ནིའི་དོན་ལུ་ བཙག་འཐུའི་འགོ་དཔོན་དང་ བཙག་འཐུ་དང་འབྲེལ་བའི་འགོ་དཔོན་ཚུ་ རྫོང་གི་འོག་ལུ་ གློག་མེ་ཡོད་མི་ ངོས་ལེན་འགོ་དཔོན་གྱི་ ཁང་མིག་ནང་སྤུངས་འཛོམས་འབད་དེ་ བལྟ་དགོཔ་ཐོན་ཡོདཔ་ཨིན་པས།


ངོས་ལེན་འགོ་དཔོན་གྱི་ ཁང་མིག་དེ་ནང་ཡང་ ཇེ་ནེ་རེ་ཊར་ཆུང་ཀུ་ཅིག་གིས་ ལག་ལེན་འཐབ་དོ་ཡོདཔ་ལས་ དེ་གིས་ གློག་མེ་ཐོན་སྐྱེད་འབད་དོ་ཡོདཔ་མ་གཏོགས་ གཞན་ཁྱིམ་ཚུ་ནང་ གློག་མེ་རྩ་ལས་ར་ མེདཔ་ཨིན་པས།
མགར་ས་རྫོང་ཁག་ནང་ གློག་མེ་མེདཔ་ཐལ་བའི་དཀའ་ངལ་དེ་ ས་གནས་ནང་གི་ མི་སེར་ཚུ་ སྤྱིར་བཏང་བཙག་འཐུ་གི་ ཉིནམ་དེ་ལུ་ཡང་ དེ་སྦེ་མི་འགྱོ་ག་ཟེར་བའི་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ལུ་ མགར་ས་རྫོང་ཁག་ནང་ ཉིན་གྲངས་༣ གྱི་རིང་ གློག་མེ་མེད་པར་ སྡོད་ཡོདཔ་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་ བཟོ་རིག་འགོ་དཔོན་གོངམ་ཅིག་ཨིན་མི་ པི་ཨེམ་ཐ་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་རན་ཡོདཔ་ལས་ སྤྱིར་བཏང་བཙག་འཐུ་གི་སྐབས་ལུ་ཡང་ གློག་མེ་མེད་པའི་ དཀའ་ངལ་འཐོན་ནི་བཟུམ་ཅིག་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆར་ཆུ་འབབ་པའི་སྐབས་ ཤིང་གི་ཞལ་ལག་དང་ ཤིང་ཚུ་ རྦོབ་རིལ་འོང་མི་དེ་གིས་ གློག་མེའི་རྒྱུན་ཐག་དང་ ཀཝ་ཚུ་ལུ་ གནོད་མི་དེ་གིས་ གློག་མེ་མེད་པའི་དཀའ་ངལ་དེ་ དེ་ལུ་བརྟེན་ཏེ་ ཐོནམ་མས་ཟེར་ཨིན་པས།
མགར་ས་རྫོང་ཁག་ནང་ འགོ་ཐོག་བཙག་འཐུ་འགོ་འདྲེན་མ་འཐབ་པའི་ ཉིན་གྲངས་༣ གྱི་ཧེ་མ་དང་ འགོ་ཐོག་བཙག་འཐུའི་ ཉིནམ་དེ་ལུ་ཡང་ གློག་མེ་མེདཔ་ལས་ གློག་མེ་བཀྲམ་སྤེལ་མེད་པར་ ཉིན་གྲངས་༣ སྡོད་ཡོདཔ་ཨིན་པས།
མ་གཞི་ སྤུ་ན་ཁ་གི་ འབྲུག་གློག་མེ་ལས་འཛིན་གྱི་ ཡིག་ཚང་གིས་ རྒྱུན་སྐྱོང་འཐབ་མི་ ལས་བྱེདཔ་ཚུ་ ས་གོ་ནང་བཏང་སྟེ་འབད་རུང་ རྒྱུན་སྐྱོང་འཐབ་ནིའི་ནང་ ཉིནམ་དག་པ་ཅིག་འགོར་དོ་ཡོདཔ་ལས་ དཀའ་ངལ་ཐོནམ་མས་ཟེར་ བཟོ་རིག་འགོ་དཔོན་གོངམ་གྱིས་ བཤདཔ་ཨིན་པས།
བཟོ་རིག་འགོ་དཔོན་ པི་ཨེམ་ཐ་པ་གིས་འབད་བ་ཅིན་ ཞབས་ཏོག་གློ་བུར་དུ་ སྤྲོད་ནིའི་་དོན་ལས་ ལཱ་འབད་མི་དང་ ཡིག་ཚང་གི་སྣུམ་འཁོར་མེདཔ་ལས་བརྟེན་ དེ་གི་གྲོགས་རམ་ཚུ་ སྤུ་ན་ཁ་ འབྲུག་གློག་མེ་ལས་འཛིན་ ཡིག་ཚང་ལྟེ་བའི་ནང་ལས་ ལེན་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་བྱེདཔ་༣ ལུ་ རྐང་འཁོར་མོ་ཊར་བཱ་ཡེག་སྤྲོད་ཡོདཔ་ཨིན་རུང་ གནམ་བྱཱར་ཆར་ཆུ་འབབ་པའི་དུས་སྐབས་ནང་ ལག་ལེན་འཐབ་ནི་ལུ་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
རྫོང་ཁག་ནང་ ལཱ་འབད་མི་འགོ་དཔོན་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ གློག་མེའི་རྒྱུན་ལམ་བརྟན་ཏོག་ཏོ་སྦེ་ མེད་མི་དེ་གིས་ ཡིག་ཚང་གི་ལཱ་འབད་ནི་ནང་ལུ་ཡང་ ཐོ་ཕོགཔ་མས་ཟེར་ཨིནམ་མ་ཚད་ ས་གནས་ནང་གི་ མི་སེར་ཚུ་གི་ ཉིན་བསྟར་གྱི་ ལཱ་འབད་ནི་དེ་ལུ་ཡང་ གནོད་པ་སྦོམ་འདུག་ཟེར་ཨིན་པས།
ས་གནས་ནང་གི་ རྒས་ཤོས་ཅིག་ཨིན་མི་ དཔལ་འབྱོར་གྱིས་འབད་བ་ཅིན་ ཁོང་རའི་དོན་ལུ་ གློག་མེ་མེད་པར་ གནག་གདུང་ནང་སྡོད་རུང་ མ་བཏུབ་ཅིག་མེད་རུང་ རྒྱལ་ཡོངས་ཁྱད་པར་ཅན་གྱི་ སྤྱིར་བཏང་བཙག་འཐུའི་ ཉིནམ་དེ་ལུ་ གློག་མེ་མེད་པའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ད་རུང་ ཀུན་ལེགས་ཀྱིས་འབད་བ་ཅིན་ སྤྱི་ཟླ་༥ པའི་ཚེས་༣༡ འགོ་ཐོག་བཙག་འཐུ་གི་སྐབས་ གྲུབ་འབྲས་ལྟ་ནི་མ་ཐོབ་རུང་ སྤྱིར་བཏང་བཙག་འཐུ་གི་ འགྲུབ་འབྲས་བལྟ་ནི་གི་ གོ་སྐབས་འཐོབ་དགོ་ནི་མས་ཟེར་ཨིན་པས།
སྤྱི་ཚོགས་ཀྱི་བཙག་འཐུ་དེ་ ལོ་༥ འི་བར་ན་ ཚར་གཅིག་ལས་བརྒལ་ འགོ་འདྲེན་འཐབ་ནི་མེད་ཟེར་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་གྱིས་འབད་བ་ཅིན་ བཙག་འཐུའི་གྲུབ་འབྲས་ཀྱི་ཉིནམ་དེ་ལུ་ ཇེ་ནེ་རེ་ཊར་ལག་ལེན་འཐབ་ནིའི་དོན་ལུ་ སྤུ་ན་ཁ་ལས་ ས་མར་ཁུ་ སྐྱེལ་འདྲེན་འབད་ནི་ལུ་ཡང་ དཀའ་ངལ་འདུག་ཟེར་ཨིན་པས།
དེ་མ་ཚད་ གློག་རིག་ཡོངས་འབྲེལ་གྱི་ཞབས་ཏོག་དང་ བརྒྱུད་འཕྲིན་ཞབས་ཏོག་ཚུ་ཡང་ ཉམས་འགྱོཝ་མས་ཟེར་ཨིན་པས།
དེ་འབདཝ་ལས་ བཙག་འཐུའི་ཉིནམ་གི་དོན་ལུ་ རྫོང་ཁག་གིས་ ས་མར་ཁུ་ གསོག་འཇོག་འབད་དེ་ བཞག་ཡོད་ཟེར་ཨིན་པས།
པི་ཨེམ་ཐ་པ་གིས་ སླབ་མིའི་ནང་ གློག་མེ་རྒྱུན་ལམ་མེདཔ་ཐལ་མི་དེ་ཡང་ རི་མི་ཆུ་དང་ མཁའ་གཡུས་ཀྱི་ས་གནས་ གནས་ཚལ་སྟུག་དྲགས་སྦེ་ ཡོད་མི་ནང་ལས་ བྱུངམ་མས་ཟེར་ཨིན་པས།
གློག་ཤུགས་ཀེ་བི་༣༣ འབད་མི་ རྒྱུན་ཐག་དེ་ ལོད་སྦིས་ས་ལས་ སྤུ་ན་ཁ་དང་ མགུ་མ་ དཀར་སྦྱིས་ དེ་ལས་ དགོན་ཤར་རི་གི་ ཁྱིམ་གུང་༤༨༠ ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment