གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསྐུལ་བསྒྲགས་མཚམས་འཇོག་ཐོག་ ཚ་གྱང་ཅན་གྱི་ གྲོས་བསྡུར་གནང་ནི།

༤/༧/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་དང་ ཚོགས་པའི་འགོ་འཛིན་གོངམ་ཚུ་གིས་ རང་སོའི་བསྐུལ་བསྒྲགས་ལས་རིམ་ཚུ་བཞག་སྟེ་ ཁ་ཙ་ རྒྱལ་ས་ལྟེ་བ་ལུ་ ལོག་ལྷོད་མི་དེ་ཡང་ རྒྱ་གར་གཞུང་གིས་ སྤྱི་ཟླ་༧ པའི་ཚེས་༡ ལས་ མེ་རླུང་རྒྱ་རྫི་དང་ ས་མར་ཁུའི་ཕབ་ཆག་ གློ་བུར་དུ་ ཆ་མེད་བཏང་མི་ལུ་བརྟེན་ འབྲུག་པའི་མི་སེར་ཚུ་ལུ་ གནོད་པ་བྱུང་མིའི་སྐོར་ལས་ གྲོས་བསྡུར་འབད་ཐབས་ལུ་ཨིན་པས།


དེ་མ་ཚད་ ཁོང་གིས་ ད་རེས་ནངས་པ་ རྒྱལ་ཁབ་ནང་ བློ་ཕམ་དང་ སེམས་དཀྲུགས་པའི་ ལོ་རྒྱུས་འདྲ་མ་འདྲཝ་བྱུང་མི་ཚུ་གིས་ མ་འོངས་པར་ འབྲུག་ལུ་ གནོད་སྐྱོན་ཚབས་ཆེན་འབྱུང་ཉེན་ཡོད་མིའི་སྐོར་ བསྐྱར་ཞིབ་དང་ གྲོས་བསྡུར་ཚུ་ འབད་འོང་ཟེར་ འབྲུག་ཕུན་སུམ་ཚོགས་པ་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
ཕབ་ཆག་ཕྱིར་བཏོན་འབད་མི་དེ་གིས་ ཐད་ཀར་དུ་ འབྲུག་པའི་མི་སེར་༣༦༠,༠༠༠ དེ་ཅིག་དང་ ཁྱིམ་གུང་༧༦,༠༠༠ དེ་ཅིག་ལུ་ གནོད་པ་བྱུངམ་ལས་ བཙག་འཐུའི་བསྐུལ་བསྒྲགས་ལས་ལྷགཔ་སྦེ་ གནད་དོན་དེ་ལུ་ ཚ་གྱང་སྦོམ་ལང་དགོཔ་ བྱུང་ཡི་ཟེར་ ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ བཀོད་པའི་ཁར་ གནད་དོན་དེ་ དེ་འཕྲོ་ལས་ སེལ་དགོཔ་ཡོད་ཟེར་ བཤདཔ་ཨིན་པས།
ཕབ་ཆག་ཆ་མེད་ལུ་བརྟེན་ གནོད་སྐྱོན་ཐད་ཀར་བྱུང་མི་ མང་ཤོས་ར་ མི་སེར་སྤྱང་ཀ་ཚུ་ཨིནམ་ལས་ ངེ་གི་དོན་ལུ་ བཙག་འཐུའི་གྲུབ་འབྲས་ཚུ་བ་ གནད་དོན་འདི་ གནད་འགག་ཅན་དང་ དམིགས་བསལ་ཅན་ཅིག་ཨིནམ་ལས་ གྲོས་བསྡུར་འབད་དགོཔ་ ཁག་ཆེ་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་གིས་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ལུ་ བརྒྱུད་འཕྲིན་ཕུལ་ཏེ་ ཁོ་རའི་ ཚ་གྱང་ཚུ་ ཞུ་ཡོདཔ་མ་ཚད་ གནད་དོན་དེ་ལུ་ ཐེ་གཏོགས་གནང་དགོ་པའི་ ཞུ་བ་ཕུལ་ཡི་ཟེར་ཨིནམ་ད་ ད་ལྟོ་ གྲོས་དཔོན་སྤྱི་ཁྱབ་ཀྱིས་ རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་དང་གཅིག་ཁར་ གནད་དོན་དེ་གི་སྐོར་ལས་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ཨིན་པས།
གཙོ་འཛིན་འཇིགས་མེད་འཕྲིན་ལས་ཀྱིས་ བཤད་མིའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱ་འབྲུག་གི་ མཐུན་ལམ་མེདཔ་བཏང་ཡོད་པའི་ ཁ་ཉེས་དེ་ འབྲུག་ཕུན་སུམ་ཚོགས་པའི་གཞུང་ལུ་ བཀལ་ཡོད་མི་ལུ་བརྟེན་ གནད་དོན་དེ་གི་སྐོར་ ཚོགས་པ་ནང་འཁོད་ལུ་ གསུང་གྲོས་ཞིབ་པར་ གནང་དགོཔ་ཡོད་ཟེར་ཨིནམ་ད་ གྲོས་བསྡུར་ནང་ ཚོགས་པ་གིས་ གྲོས་ཐག་ག་ཅི་ར་ཆོད་རུང་ མངའ་བདག་རྒྱལཔོ་དང་ རྒྱལ་ཁབ་ མི་སེར་གྱི་ མཐའ་དོན་ལུ་ གཙོ་བོར་བཟུང་སྟེ་ ཐག་བཏོག་འོང་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment