གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམའ་ཕབ་དང་ སྐྱོན་བརྗོད་འབད་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་ཚུ་ཡང་ ཞེ་བསུན་ཁག་ཁ་བཟོ་དོ་ཡོདཔ།

༥/༧/༢༠༡༣   ༉ བདུན་ཕྲག་འདི་གི་ རེས་གཟའ་ལྷག་པ་ལུ་ ལྷོ་ཐིམ་ཕུ་གི་ འདེམས་ངོ་གཉིས་ཀྱི་བར་ན་ འབྲུག་རྒྱང་བསྒྲགས་ དངོས་མཐོང་ནང་ རྩོད་བསྡུར་འབད་བའི་སྐབས་ལུ་ སྐྱེས་ལོ་༦༩ ལང་མི་ ཨམ་སྲུ་ཅིག་གིས་ སྡོད་ཁྲི་གུ་ལས་ ཡར་ལོང་ཞིནམ་ལས་ བཙག་འཐུའི་བྱ་རིམ་དེ་ དྭངས་གསལ་ཅན་གྱི་ཐོག་ལས་ འགོ་འདྲེན་འཐབ་གེ་ཟེར་ གསོལ་འདེབས་འབད་ཡོདཔ་ཨིན་པས།


དེ་ཡང་ ཨམ་ཀུན་དགའ་གིས་ སྲིད་དོན་ཚོགས་པ་༢ ཀྱིས་ གཅིག་གིས་གཅིག་ལུ་ དམའ་ཕབ་རྐྱབ་ནི་དང་ སྐྱོན་བརྗོད་འབད་ནི་ཚུ་ བཞག་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
སྤྱིར་བཏང་བཙག་འཐུ་གི་དོན་ལས་ བསྐུལ་བསྒྲགས་དེ་ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ འགོ་བཙུགས་པའི་ཉིནམ་ལས་ ཚོགས་པ་གཅིག་གིས་གཅིག་ལུ་ ཉིནམ་ཨ་རྟག་ར་ ཉེས་འཛུགས་དང་ དམའ་ཕབ་མང་རབས་ཅིག་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ འདེམས་ངོ་ཚུ་གི་བར་ན་ རྩོད་བསྡུར་འགོ་འདྲེན་འཐབ་ནི་དེ་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ འགོ་བཙུགས་པའི་ཤུལ་ལས་ ཚོགས་པ་གཉིས་ཀྱི་འདེམས་ངོ་ཚུ་ གཅིག་གིས་གཅིག་ལུ་ ག་དེ་སྦེ་ར་ སླབ་དོ་ཡོདཔ་ཨིན་ན་ མི་སེར་ཚུ་གིས་ ལྟ་དོ་ཡོདཔ་ཨིན་པས།
སྤྱིར་བཏང་བཙག་འཐུ་གི་དོན་ལས་ བསྐུལ་བསྒྲགས་འབད་ནི་གི་དུས་ཚོད་ ཉིན་གྲངས་༨ ལས་བརྒལ་མེད་དེ་འབད་རུང་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཚུ་ ཞེ་བསུན་ཁག་ཁ་བཟོ་ཡི་ཟེར་ཨིནམ་ད་ དེ་ཡང་ གཅིག་གིས་གཅིག་ལུ་ དམའ་ཕབ་དང་ ཉེས་འཛུགས་འབད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཐིམ་ཕུ་ སྣུམ་འཁོར་བཱསི་བཞག་སའི་ ས་ཁོངས་ནང་ ཚོང་རྐྱབ་སྡོད་མི་ ཚེ་རིང་བུ་དར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ ད་ལྟོ་ སྤྱི་ཚོགས་ཀྱི་བཙག་འཐུ་ ཐེངས་༢ པ་འབད་རུང་ མོ་གི་མནོ་བསམ་ལུ་ ཚོར་སྣང་ངན་པ་ཅིག་ བྱུང་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཚོགས་པ་ག་གིས་ རྒྱལ་ཁ་འཐོབ་རུང་ ཁྱད་པར་མེད་ཟེར་ཨིནམ་ད་ ཨིན་རུང་ ཚོགས་པ་གཅིག་གིས་གཅིག་ལུ་ ཉེས་འཛུགས་འབད་ནི་དང་ སྐྱོན་བརྗོད་འབད་མི་ལུ་བརྟེན་ རྩ་ལས་ར་ སེམས་མ་དགའ་ཟེར་ཨིནམ་ད་ དེ་མ་ཚད་ མཁྱེན་རྒྱ་ཆེ་བའི་ འབྲུག་རྒྱལ་ཁབ་ཀྱི་ འགོ་ཁྲིདཔ་ཚུ་གིས་ དེ་བཟུམ་འབད་འོང་ཟེར་ མནོ་ར་མ་མནོ་ཟེར་ཨིན་པས།
ཨམ་ཚེ་རིང་བུ་དར་གྱི་ བཟའ་ཚང་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༤ ཡོད་དེ་འབད་རུང་ མོ་གིས་ ཚོགས་རྒྱན་བཙུགས་པར་ འགྱོ་ནི་ཨིན་ན་མེན་ན་ཟེར་བའི་ མནོ་བསམ་ཡང་ བཏང་དགོཔ་བྱུངམ་མས་ཟེར་ཨིན་པས།
རྒྱང་མཐོང་ནང་ལྟཝ་ད་ འདེམས་ངོ་ཚུ་ གཅིག་གིས་གཅིག་ལུ་ གདོང་བཟང་སྟེ་ དམའ་ཕབ་དང་ ཁ་བཏངམ་ད་ ང་བཅས་མི་སེར་ཚུ་ ངེས་པར་དུ་ ཚོགས་རྒྱན་བཙུགས་དགོཔ་འདུག་ག་ཟེར་བའི་ དོགས་པ་ཟཝ་མས་ཟེར་ ཚེ་རིང་བུ་དར་གྱིས་ སླབ་ཨིན་པས།
ད་རེས་ནངས་པ་ རྒྱལ་ཁབ་ནང་ ས་མར་ཁུ་དང་ མེ་རླུང་རྒྱ་རྫི་གི་ གོང་ཚད་ཡར་སེང་འགྱོ་བའི་སྐབས་ སྲིད་དོན་ཚོགས་པ་༢ ཀྱིས་ མཉམ་རུབ་ཐོག་ལས་ དཀའ་ངལ་སེལ་ཐབས་འབད་ནི་མེན་པར་ སྲིད་དང་འབྲེལ་བའི་གནད་དོན་ཅིག་སྦེ་ ལག་ལེན་འཐབ་སྟེ་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ཐབས་ལུ་ གནད་དོན་སྦོམ་བཟོཝ་མས་ཟེར་ ཐིམ་ཕུ་ བར་སྦིས་ས་ལས་ སྐྱེས་ལོ་༧༢ ལང་མི་ཅིག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་གནད་དོན་དེ་ རྒྱལ་ཁབ་ཀྱི་ གཞི་བདེའི་དོན་ལུ་ཨིནམ་ལས་ སྲིད་དོན་ཚོགས་པའི་འདེམས་ངོ་ཚུ་གིས་ རྒྱལ་ཁབ་ཀྱི་ འགོ་ཁྲིདཔ་སྦེ་ ག་དེ་སྦེ་ ལཱ་འབད་ནི་ཨིན་ན་ཟེར་ཨིན་པས།
སྤ་རོ་ལས་ སངས་རྒྱས་ལྷ་མོ་གིས་ སླབ་མིའི་ནང་ སྲིད་དོན་ཚོགས་པའི་ འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་འབད་བའི་སྐབས་ ག་དེམ་ཅིག་སྦེ་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ མི་སེར་ཚུ་ལུ་ ག་ཅི་ར་འབད་ཚུགསཔ་ཨིན་ན་ཟེར་བའི་ ཁས་བླངས་འབད་ནི་ལུ་ རེ་བ་བསྐྱེད་སྡོད་ཅི་ཟེར་ཨིན་པས།
དེ་འབདཝ་ད་ རང་གི་ཁས་བླངས་གསལ་བསྒྲགས་འབད་ནི་མེན་པར་ སྲིད་དོན་ཚོགས་པ་གཅིག་གིས་ གཞན་མིའི་ ཁས་བླངས་གསལ་བསྒྲགས་འབད་མི་དེ་ལུ་ སྐྱོན་བརྗོད་དང་ དམའ་ཕབ་རྐྱབ་མས་ཟེར་ཨིན་པས།
འདེམས་ངོ་ཚུ་གིས་ རང་གི་ཁེ་ཕན་ལུ་ལྟ་སྟེ་ དེ་བཟུམ་མའི་ བྱ་ངན་འབད་བ་ཅིན་ རྒྱལ་ཁབ་ཀྱི་ཞི་བདེ་ལུ་ ཐོ་ཕོག་ནི་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
ཨིན་རུང་ མི་ལ་ལུ་ཅིག་གིས་འབད་བ་ཅིན་ སྲིད་དོན་པ་ཚུ་གིས་ གཅིག་གིས་གཅིག་ལུ་ དམའ་ཕབ་རྐྱབ་ནི་དང་ ཁ་བཏང་ནི་དེ་ སྲིད་དོན་གྱི་ ལག་ཆ་ངོ་མ་ཅིག་ཨིནམ་ལས་ རྩོད་འགྲན་ཚུ་ དམ་དམ་སྦེ་ར་ འབད་དགོ་ཟེར་ཨིན་པས།
གླ་འཁོར་གྱི་ དེད་གཡོགཔ་ཅིག་ཨིན་མི་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ རྩོད་བསྡུར་ལས་རིམ་དེ་གིས་ འདེམས་ངོ་ཚུ་གི་ ལྕོགས་གྲུབ་དང་ ཡོན་ཏན་ག་དེ་སྦེ་ཡོདཔ་ཨིན་ན་ ཧ་གོ་ཚུགས་ནི་ལུ་ ཕན་ཐོགས་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ སྲིད་དོན་ཚོགས་པ་ ག་གིས་འབད་རུང་ གཞུང་སྐྱོང་ནིའི་ གོ་སྐབས་ཐོབ་པ་ཅིན་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ཕན་པའི་ ཕྱག་ལཱ་ལུ་ གཙོ་བོར་བཏོན་དགོཔ་ཁག་ཆེ་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment