གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༥/༧/༢༠༡༣   སྲིད་དོན་གནས་སྟངས་མགུ་འཐོམ་སི་སི་བཟོ་མི་ལུ་ བཀག་འཛིན་མེད་པའི་སྐྱོན?
༉ དམངས་གཙོའི་རྒྱལ་ཁབ་ག་ཏེ་ར་ཨིན་རུང་ སྲིད་དོན་ཚོགས་པ་ཚུ་གི་ བསྐུལ་བསྒྲགས་ཐབས་བྱུས་དེ་ རྒྱལ་ཁམས་དང་ ལེགས་ལྡན་གཞུང་སྐྱོང་ཀྱི་ མཐའ་དོན་ལུ་ཨིནམ་ད་ དེ་ཡང་ གལ་སྲིད་ གཞུང་སྐྱོང་སྦེ་ བཙག་འཐུ་འགྲུབ་པ་ཅིན་ གནས་ཡུན་ལོ་༤ དང་༥ ནང་ མི་སྡེ་ལུ་ཕན་པའི་ ལས་སྣ་ཚུ་ གཞི་བཙུགས་འབད་ནིའི་ ཁས་བླངས་ཚུ་འབདཝ་ཨིན་མས།


འབྲུག་ལུ་ཡང་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གཉིས་ཀྱིས་ འཛམ་གླིང་རྒྱལ་ཡོངས་ཀྱི་ ཐབས་བྱུས་བཟུམ་སྦེ་ར་ བསྐུལ་བསྒྲགས་འབད་ཡོདཔ་བཞིན་དུ་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ཡང་ སྲིད་ཚོགས་ཚུ་ལས་ ཁོང་ལུ་ ག་ཅི་ར་ ལྷན་ཐབས་འབད་ཚུགས་ནི་ཨིན་ན་ བརྟག་ཞིབ་འབད་དེ་ ཐག་བཏོགས་ཚུགསཔ་ཨིན་མས།
དེ་འབདཝ་ད་ བསྐུལ་བསྒྲགས་ཚུ་ སྤྱི་ཟླ་༦ པའི་ཚེས་༡༢ ལས་ འགོ་བཙུགས་པའི་སྐབས་ སྲིད་ཚོགས་གཉིས་ཆ་རའི་ ཁ་ཐུག་ལས་ ངལ་རངས་ཏོག་ཏོ་དང་ ཡིད་ཆེས་འདྲོངས་ཚུགསཔ་སྦེ་ འབད་ཡོད་རུང་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ སྲིད་ཚོགས་གཅིག་གིས་གཅིག་ལུ་ སྐྱོན་བརྗོད་དང་ ཁ་གཏང་ནི་ འགོ་བཙུགས་ཡོད་མི་དེ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ མགུ་འཐོམ་སི་སི་སྦེ་ བཟོ་བའི་ཁར་ ཁས་བླངས་གསལ་བསྒྲགས་ཚུ་ཡང་ ད་རིས་གཅིག་འབད་ ནངས་པ་བཟུམ་ སོ་སོ་ཅིག་འབད་མི་ལུ་བརྟེན་ མི་མང་རྩོད་བསྡུར་ལས་རིམ་དེ་ དགོད་བྲ་བཟུམ་ཅིག་ལུ་གྱུར་བའི་ མཐོང་སྣང་ཡང་ བྱུངམ་ཨིན་མས།
འཕྲལ་ཁམས་ཅིག་ལས་ སྲིད་དོན་ཚོགས་པ་ཅིག་གིས་ རྒྱ་འབྲུག་གི་མཐུན་འབྲེལ་དང་ རྒྱ་ནག་རྒྱལ་ཁབ་དང་གཅིག་ཁར་ འབྲེལ་བ་འཐབ་མི་དེ་ བསྐུལ་བསྒྲགས་ཀྱི་ ཐབས་བྱུས་ཅིག་སྦེ་ ལག་ལེན་འཐབ་མི་དེ་གིས་ མི་སེར་ཚུ་ལུ་ ལྷག་པར་དུ་ རྣམ་རྟོག་ལང་ འདྲོག་བྱེལ་འཐབ་དགོཔ་ བྱུང་མི་གིས་མ་ཚད་པར་ སྲིད་དོན་པ་ཚུ་གི་ བྱ་སྤྱོད་ལུ་ལྟ་སྟེ་ ཁོང་ཁྲོ་ལང་དགོ་པའི་ གཞི་གནད་ཅིག་ལུ་གྱུར་ནུག།
རྒྱ་གར་གཞུང་གིས་ཡང་ ད་རིས་ཀྱི་ གནས་སྟངས་ལུ་ གོ་སྐབས་ལེན་ཏེ་ འབྲུག་ལུ་ བཞེས་སྒོ་འབད་ནིའི་ མེ་རླུང་གེསི་དང་ ས་མར་ཁུའི་ཕབ་ཆག་ཆ་མེད་བཏངམ་ལས་ གོང་ཚད་ལོག་ལྟབ་ཡར་སེང་སོང་མི་དེ་གིས་ འབྲུག་པའི་མི་སེར་༣༦༠,༠༠༠ ལུ་ ཐད་ཀར་དུ་ ཐོ་ཕོག་སྟེ་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ ཆུ་དང་ཨོམ་བཟུམ་སྦེ་ མཐུན་ལམ་དང་ མཉམ་འབྲེལ་དབ་ཟབ་ཡོད་མི་ རྒྱ་གར་གྱིས་ རྒྱལ་ཁབ་ནང་ བཙག་འཐུའི་འུར་བྱེལ་ལང་པའི་ ནམ་དུས་ལུ་ ཕབ་ཆག་ཕྱིར་བཏོན་འབད་མི་དེ་ ང་བཅས་ཀྱི་ སྲིད་འབྲེལ་ནང་ ཐད་ཀར་དུ་ ལགཔ་རྐྱབ་པའི་ བརྡ་མཚོན་ཅིག་ཨིན་མས།
འདི་བཟུམ་མའི་ ལག་ལེན་ལུ་བརྟེན་ འབྲུག་གི་རང་བཙན་དང་ སྲུང་སྐྱོབ་ལུ་ གནོད་ཉེན་ཅན་བཟོ་མི་དེ་ཡང་ སྲིད་དོན་ཚོགས་པ་ཚུ་ལུ་ སྲི་འཁྲུགས་དང་ སྲི་སློང་ནི་ ཞེ་སྡང་འབར་ནིའི་ གནད་དོན་ཚུ་ སྦ་གསང་མེད་པར་ སླབ་མི་དེ་ལུ་ བཙག་འཐུ་ལྷན་ཚོགས་ལས་ བཀག་འཛིན་དང་ དམ་འཛིན་མ་འབད་བའི་ སྐྱོན་ཨིན་ཟེར་ ཁྲིམས་དོན་མཁས་མཆོག་ཚུ་གིས་ སླབ་ཨིན་མས།
ཕྱི་རྒྱལ་དང་འབྲེལ་བའི་ གནད་དོན་ཚུ་ བསྐུལ་བསྒྲགས་འབད་ནི་ཚུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་མི་དེ་ཡང་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༥ པ་རྩ་དོན་ཆ་པའི་ དགོངས་དོན་དང་འཁྲིལཝ་ད་ སྲིད་ཚོགས་དང་ འཐུས་མི་ཚུ་གིས་ རྩ་ཁྲིམས་ཆེན་མོ་ལུ་ དམ་ཚིག་གཙང་མའི་ གུས་བཀུར་ཞུ་དགོཔ་དང་ རྒྱལ་ཁབ་ཀྱི་ རང་བཙན་དང་ བདེ་སྲུང་ གཅིག་མཐུན་ གཅིག་སྒྲིལ་ གོང་ལུ་བཀུར་དགོཔ་ཨིན་རུང་ ཞེ་སྡང་འབར་བའི་ ལོ་རྒྱུས་བཤད་མི་ཚུ་གིས་ སྲིད་དོན་གྱི་ རང་དབང་ལུ་ ཐོ་བཀལ་ཡོདཔ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ བཀག་ཆ་འབད་ཡོད་པ་ཅིན་ གནས་སྟངས་འདི་བཟུམ་ནང་ མ་ལྷོདཔ་འོང་ཟེར་ ལྟ་རྟོག་པ་ལ་ལུ་གིས་ སླབ་ཨིན་མས།
དེ་འབདཝ་ལས་ སྤྱི་ཚོགས་གཉིས་པའི་ བཙག་འཐུའི་བྱ་རིམ་དེ་ མཇུག་བསྡུ་རན་ཁར་ ལྷོད་ཡོདཔ་མ་ཚད་ ད་ཚུན་གྱི་བར་ན་ སྟབས་མ་བདེཝ་བྱུང་མི་ཚུ་ བྱུང་ཚར་ཡོདཔ་ལས་ མ་འོངས་པ་ལུ་ ཕྱི་འབྲེལ་མཐུན་ལམ་གནད་དོན་ཚུ་ སྲིད་དོན་ནང་ ལག་ལེན་འཐབ་ནི་ལས་ བཀག་འཛིན་འབད་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment