གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུའི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་༢ ཆ་ར་ བཙག་འཐུ་གྲུབ་ཡོདཔ།

 
ཐིམ་ཕུ་ལུ་ བསམ་རྫོགས་ཐོག་ལས་ ཚོགས་རྒྱན་བཙུགས་ཏེ་འོང་མི་ ཨ་རྒས་ཅིག།

༡༤/༠༧/༢༠༡༣། ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ ནང་ ཐིམ་ཕུ་རྫོང་ཁག་གི་ ལྷོ་བྱང་འདེམས་ཁོངས་༢ ཆ་ར་ལས་ བློན་པོ་བགྲེསཔ་ཡེ་ཤེས་སྦྱིན་པ་དང་ ཀུན་དགའ་ཚེ་རིང་༢ ཀྱིས་ ལྡོག་ཕྱོགས་ཀྱི་ གོ་སྐབས་ཐོབ་ཡོདཔ་ལས་ སེམས་དགའ་ནུག།

ཐིམ་ཕུ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་བསྡོམས་༡༢,༤༥༣ ཡོད་པའི་གྲས་ལས་ ཕོ་སྐྱེས་༥༩༠༩ དང་ ཨམ་སྲུ་༦༥༤༤ ཡོདཔ་ད་ དེ་ནང་ལས་ མི་གྲངས་༩༢༤༢ གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།


ཐིམ་ཕུའི་ལྷོ་ཕྱོགས་ས་གནས་ ལྕང་དང་ དར་དཀར་ལ་ དགེ་བསྙེན་ཁ་ སྨད་ཝང་འདེམས་ཁོངས་ལས་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་བསྡོམས་༦༥༩༥ ལས་༥༡༨༡ གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
དེ་ཡང་ ཐིམ་ཕུ་ལྷོ་ཕྱོགས་ཀྱི་འདེམས་ངོ་ ཡེ་ཤེས་སྦྱིན་པ་ལུ་ འགྲེམ་ཐོག་ཚོགས་རྒྱན་༢༠༤ དང་ རྟ་མགྲིན་དབང་མོ་ལུ་ འགྲེམ་ཐོག་ཚོགས་རྒྱན་༢༥༣ བཙུགས་མི་ལས་ རྟ་མགྲིན་དབང་མོ་ལུ་ འགྲེམ་ཐོག་ཚོགས་རྒྱན་༤༩ གི་ཐོག་ལས་ རྒྱལ་ཁ་ཐོབ་ཡོད་རུང་ འཕྲུལ་ཆས་ཚོགས་རྒྱན་གྱི་ཐོག་ལུ་ ཡེ་ཤེས་སྦྱིན་པ་ལུ་ ཚོགས་རྒྱན་༢༤༤༥ དང་ རྟ་མགྲིན་དབང་མོ་ལུ་ ཚོགས་རྒྱན་༢༢༧༩ བཙུགསཔ་ད་ ཡེ་ཤེས་སྦྱིན་པ་གིས་ ཚོགས་རྒྱན་༡༡༧ གིས་ རྒྱལ་ཁ་ཐོབ་ཅི། 


དེ་བཟུམ་སྦེ་ བྱང་ཕྱོགས་རྫོང་ཁག་ ཀ་ཝང་ གླིང་བཞི་ ནཱ་རོ་ སྲོས་ལས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་ཆོག་མི་བསྡོམས་༥༨༥༨ ལས་༤༠༦༡ གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ བྱང་ཕྱོགས་འདེམས་ངོ་ ཀུན་དགའ་ཚེ་རིང་ལུ་ ཚོགས་རྒྱན་བསྡོམས་༢༠༤༧ ཐོབ་ད་ སངས་རྒྱས་མཚོ་སྐྱིད་ཀྱིས་ ཚོགས་རྒྱན་༢༠༡༤ ཐོབ་མི་དེ་༢ ལས་ ཚོགས་རྒྱན་༣༣ གྱིས་ སངས་རྒྱས་མཚོ་སྐྱིད་ཕམ་ཡོདཔ་ཨིན་པས།


དེ་འབདཝ་ད་ སངས་རྒྱས་མཚོ་སྐྱིད་ལུ་ འགྲེམ་ཐོག་ཚོགས་རྒྱན་༡༦༧ དང་ ཀུན་དགའ་ཚེ་རིང་ལུ་ འགྲེམ་ཐོག་ཚོགས་རྒྱན་༡༥༩ ལས་བརྒལ་མ་ཐོབ་རུང་ ཀུན་དགའ་ཚེ་རིང་ལུ་ འཕྲུལ་ཆས་ཚོགས་རྒྱན་༡༨༨༨ ཐོབ་མི་དང་འབྲེལ་ ཚོགས་རྒྱན་བསྡོམས་༢༠༤༧ ཐོབ་ཡོདཔ་ད་ སངས་རྒྱས་མཚོ་སྐྱིད་ཀྱིས་ འཕྲུལ་ཆས་ཚོགས་རྒྱན་༡༨༤༧ ཐོབ་ལས་ ཚོགས་རྒྱན་༣༣ གྱིས་ ཕམ་ཡོདཔ་ཨིན་པས།


བློན་པོ་བགྲེསཔ་ ཡེ་ཤེས་སྦྱིན་པ་གིས་ སླབ་མི་དང་འཁྲིལཝ་ད་ ཧེ་མ་བློན་པོ་སྦེ་ ཕྱག་ཞུ་ཡོད་རུང་ ད་རེས་ མི་སེར་གྱི་བཙག་འཐུ་འབད་ཡོདཔ་ལས་ ལྡོག་ཕྱོགས་ནང་འབད་རུང་ མི་སེར་དང་གཞུང་ལུ་ ཕྱག་ཕྱིད་ཞུ་ནི་དེ་ཨིནམ་ལས་ ག་དེ་སྦེ་ཨིན་རུང་ ཕྱག་ཞུ་ནི་ཟེར་ ཨིན་པས།


ཀུན་དགའ་ཚེ་རིང་གིས་འབད་བ་ཅིན་ སྤྱིར་བཏང་བཙག་འཐུའི་ནང་ རྒྱལ་ཁ་ཐོབ་མི་དེ་ ང་ར་ ལཱ་འབད་ནི་ལུ་ བརྩོན་ཤུགས་སྦོམ་བསྐྱེད་མི་དང་ འདོད་བསྐྱེད་མི་ མི་སེར་ཚུ་གིས་ རྒྱབ་སྐྱོར་འབདཝ་ལས་བརྟེན་ འདེམས་ཁོངས་ནང་རྒྱལ་ཁ་ཐོབ་མི་དེ་ལུ་ ང་རའི་ཁ་ཐུག་ལས་ ཕྱག་ཕྱིད་ཞུ་ནི་ཨིན་ཟེར་ སླབ་ཨིན་པས།


བར་སྦིས་ས་འབྲིང་རིམ་སློབ་གྲྭ་ནང་སྦེ་ ལྷོ་ཕྱོགས་འདེམས་ཁོངས་ཀྱི་དོན་ལུ་ སྐྱེས་ལོ་༧༦ ལང་མི་ རྟ་མགྲིན་སྲིད་ཐུབ་ཀྱིས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ དྲོ་པའི་ཆུ་ཚོད་༦ ལས་ལོང་སྟེ་ ཕྱག་དང་མཆོད་པ་ཕུལ་ དེ་ལས་ མཆོད་གཤམ་ནང་ སྨོན་ལམ་བཏབ་ སྙན་དར་ཕུལ་ཏེ་ ལོ་ལྔའི་ནང་ བདག་དབང་གི་ཐོག་ལས་ ལྕོགས་གྲུབ་ལྡན་པའི་མི་ངོ་བཙག་འཐུ་འབད་ནིའི་དོན་ལུ་ གོ་སྐབས་ཚར་རེ་ལས་བརྒལ་མེདཔ་ལས་ ཉིནམ་དེ་ ཁྱད་པར་ཅན་ཅིག་སྦེ་བརྩིས་ཏེ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།


སྤྱི་ལོ་༢༠༠༨ ལུ་ ཚོགས་རྒྱན་བཙུགས་མི་དེ་ བསྒྱུར་བཅོས་འབད་དེ་ ད་རེས་ རྒྱལ་ཁབ་ལུ་ཕན་ཐོགས་པའི་ སྲིད་བྱུས་དང་འཆར་གཞི་  མི་སྡེ་ལུ་དགའ་སྐྱིད་ དེ་ལས་ རྒྱལ་ཁབ་རང་དབང་རང་བཙན་སྦེ་བཞག་ནི་ལུ་ དམིགས་གཏད་ཡོད་མི་དང་ ལྕོགས་གྲུབ་ཅན་གྱི་ སྲིད་དོན་ཚོགས་པ་གདམ་ཁ་འབད་ནི་དེ་ཨིནམ་བཞིན་དུ་ ཚོགས་རྒྱན་བཙུགས་ཡི་ཟེར་ སླབ་ཨིན་པས།


ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་ལས་ སེམས་ལུ་བདེ་སྐྱིད་མྱོང་སྟེ་འོང་མི་ སྐྱེས་ལོ་༡༩ ལང་མི་ ན་གཞོན་ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ སྲིད་དོན་ཚོགས་པ་གསརཔ་སོར་དགོཔ་དེ་ གལ་ཅན་སྦེ་ཨིན་མི་དེ་ཡང་ རྒྱལ་ཁབ་དང་མི་སེར་ལུ་ ཕྱག་ཞུ་ཐངས་དང་ འཆར་གཞི་ལས་རིམ་ རྒྱལ་ཁབ་ཀྱི་རང་དབང་ལུ་ གཞུང་སྐྱོང་གསརཔ་དེ་གིས་ ཕྱག་ག་དེ་སྦེ་ཞུ་དོ་ག་ དབྱེ་ཞིབ་འབད་ནིའི་དོན་ལུ་ དུས་ཅི་ ཚོགས་པ་གསརཔ་ལུ་ ཚོགས་རྒྱན་བཙུགས་པར་ ལྕང་འབངས་གྲུ་གི་ ཚོགས་རྒྱན་ས་ཁོངས་ནང་ འོང་ཡོདཔ་ཨིན་པས།


སྤྱིར་བཏང་བཙག་འཐུ་གི་ གྲུབ་འབྲས་ལུ་ལྟ་སྟེ་ མི་མང་ཤོས་ཅིག་ གཞུང་སྐྱོང་གསརཔ་ལུ་ སེམས་དགའ་ཡོད་རུང་ མི་ལ་ལུ་ཅིག་ལུ་ སེམས་དང་མ་ལྡམ་སྦེ་སྡོད་ཡོདཔ་ད་ ལ་ལུ་ཅིག་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ ལྡོག་ཕྱོགས་སྒྲིང་སྒྲིང་སྦེ་ མི་སེར་དང་ གཞུང་གི་དོན་ལུ་ ཕྱག་ཕྱིད་གང་དྲག་ཞུ་ཚུགས་པའི་རེ་བ་ཡོད་ཟེར་ བསམ་འཆར་བཀོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment