གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་འདུའི་འདེམས་ཁྲི་༢ ཆ་ར་ མི་སེར་དམངས་གཙོ་ཚོགས་པ་གིས་ཐོབ་ཡོདཔ།


མནྜལ་སྒང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ ཚོགས་རྒྱན་བཙུགས་མི་ཚུ་ གྱལ་བཙར་སྡོད་པའི་བསྒང་།
༡༤/༠༧/༢༠༡༣། ༉ རྩི་རང་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ཁོངས་༢ ཆ་ར་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ དེ་ཡང་ འདེམས་ཁོངས་༢ ཆ་རའི་ནང་ ཚོགས་རྒྱན་ལོག་ལྟབ་ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

དེ་ཡང་ དཀྱིལ་འཁོར་ཐང་ མནྜལ་སྒང་འདེམས་ཁོངས་ནང་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡོ་གེཤི་ཏ་མང་གིས་ ཚོགས་རྒྱན་ཡོངས་བསྡོམས་༤,༩༣༡ ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ གཡང་ཁུག་ཚེ་རིང་ ཤེར་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་༢,༣༣༦ ལས་ མ་ཐོབ་ཨིན་པས།


ཡོ་གེཤི་ཏ་མང་གིས་ འཕྲུལ་ཆས་ཐོག་དང་ འགྲེམ་ཐོག་ཚོགས་རྒྱན་༢ ཆ་རའི་ནང་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་གིས་ འཕྲུལ་ཆས་ཚོགས་རྒྱན་༤,༥༦༤ དང་ འགྲེམ་ཐོག་ཚོགས་རྒྱན་༧༠༠ ཐོབ་ཡོདཔ་ད་ གཡང་ཁུག་ཚེ་རིང་གིས་ འཕྲུལ་ཆས་ཚོགས་རྒྱན་༢,༤༠༠ དང་ འགྲེམ་ཐོག་ཚོགས་རྒྱན་༢༥༥ རྐྱངམ་གཅིག་ཐོབ་ནུག།

དེ་བཟུམ་སྦེ་ གསེར་གྱི་ཐང་ རྩི་རང་སྟོད་འདེམས་ཁོངས་ནང་ལུ་ཡང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ནོ་བཱིན་ དར་ལ་མི་གིས་ ཚོགས་རྒྱན་ཡོངས་བསྡོམས་༥,༢༦༨ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨུ་དི་ཡ་ ཅཱན་ད་ར་ བཱན་ད་རི་གིས་ ཚོགས་རྒྱན་ཡོངས་བསྡོམས་༢,༧༡༨ རྐྱངམ་གཅིག་ཐོབ་ནུག།


ནོ་བཱིན་ དར་ལ་མི་གིས་ཡང་ འཕྲུལ་ཐོག་དང་འགྲེམ་ཐོག་ཚོགས་རྒྱན་༢ ཆ་རའི་ནང་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་གིས་ འཕྲུལ་ཆས་ཚོགས་རྒྱན་༤,༢༣༡ དང་ འགྲེམ་ཐོག་ཚོགས་རྒྱན་༧༠༤ ཐོབ་ཡོདཔ་ད་ ཨུ་དི་ཡ་ ཅཱན་ད་ར་གིས་ འཕྲུལ་ཆས་ཚོགས་རྒྱན་༢,༨༠༡ དང་ འགྲེམ་ཐོག་ཚོགས་རྒྱན་༣༡༨ ལས་ མ་ཐོབ་ཨིན་པས།


དཀྱིལ་འཁོར་ཐང་ མནྜལ་སྒང་འདེམས་ཁོངས་ནང་འབད་བ་ཅིན་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡༠,༧༨༢ ཡོད་ས་ལས་༦,༩༦༤ གིས་ ཚོགས་རྒྱན་ས་ཁོངས་ནང་འོང་སྟེ་ ཚོགས་རྒྱན་བཙུགས་ཡོད་པའི་ཁར་༡,༠༣༧ གྱིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།


དེ་བཟུམ་སྦེ་ གསེར་གྱི་ཐང་ རྩི་རང་སྟོད་འདེམས་ཁོངས་ནང་ལུ་ཡང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡༠,༠༨༡ ཡོད་ས་ལས་ མི་༦,༣༡༢ ཀྱིས་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་ཡོདཔ་ད་༡,༠༢༢ ཀྱིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment