གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་སྐྱོང་དང་ ལྡོག་ཕྱོགས་རེ་རེ་ བཙག་འཐུ་གྲུབ་ཡོདཔ།

 སྤ་རོ་རྫོང་ཁག་ནང་ལས་ ཚོགས་པ་གཉིས་ཡོད་མིའི་ འདེམས་ངོ་རེ་རེ་ ཁ་ཙ་བཙག་འཐུ་འབད་ཡོདཔ་ཨིན་པས།
ཚོགས་རྒྱན་མཇུག་བསྡུ་བའི་ཤུལ་ལས་ ཚོགས་རྒྱན་འཕྲུལ་ཆས་ཚུ་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་ འབག་འགྱོ་བའི་བསྒང་།
༡༤/༠༧/༢༠༡༣། ༉ སྤ་རོ་རྫོང་ཁག་གི་ མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཆ་ར་འདྲ་མཉམ་གྱི་ཐོག་ལུ་  འདེམས་ངོ་རེ་རེ་ བཙག་འཐུ་འབད་ཡོདཔ་ཨིན་པས།

ལམ་གོང་-ཝང་ཅ་ འདེམས་ཁོངས་ཀྱི་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ ཨྱོན་ཚེ་རིང་དང་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་མཁའ་འགྲོ་དབང་ཕྱུག་གཉིས་ཀྱི་གྲས་ལས་ མཁའ་འགྲོ་དབང་ཕྱུག་ བཙག་འཐུ་འབད་རུང་ རྡོ་དཀར་- ཤར་པ་ འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ སྐལ་བཟང་དབང་མོ་དང་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ བཙན་སྐྱོགས་རྡོ་རྗེ་༢ ལས་ སྐལ་བཟང་དབང་མོ་དེ་ བཙག་འཐུ་འབད་ཡོདཔ་ཨིན་པས།


ལམ་གོང་- ཝང་ཅ་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་སྐྱུར་མི་ ཡོངས་བསྡོམས་༨༧༨༧ ཡོད་ས་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ མཁའ་འགྲོ་དབང་ཕྱུག་གིས་ ཚོགས་རྒྱན་༣༧༥༨ ཐོབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ ཨྱོན་ཚེ་རིང་གིས་ ཚོགས་རྒྱན་༢༩༢༤ ཐོབ་ཡོདཔ་ཨིན་པས། 

དེ་བཟུམ་སྦེ་ རྡོ་དཀར་- ཤར་པ་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ ཡོངས་བསྡོམས་༧༦༠༦ ཡོད་མི་ལས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ སྐལ་བཟང་དབང་མོ་གིས་ ཚོགས་རྒྱན་ཡོངས་བསྡོམས་༣༥༧༡ ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ བཙན་སྐྱོགས་རྡོ་རྗེ་གིས་ ཚོགས་རྒྱན་༢༣༨༥ ཐོབ་ཡོདཔ་ཨིན་པས།


ཁ་ཙ་ གནམ་གཤིས་གནས་སྟངས་ལེགས་ཤོམ་ཡོད་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་ བྱ་སྟབས་མ་བདེཝ་མ་ཐོན་རུང་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཀྱི་སྦོ་ལོགས་ཁར་ ས་ཁར་སྡོད་ས་མེད་ནི་དེ་གིས་ མི་རྒན་ཤོས་ཚུ་ ཡར་ལོང་སྡོད་ནི་ལུ་ དཀའ་ངལ་ དུམ་གྲ་རེ་ བྱུང་ཡོདཔ་ཨིན་པས།


སྤ་རོ་ ལམ་གོང་- ཝང་ཅ་འདེམས་ཁོངས་ནང་ ཐོ་བཀོད་འབད་མི་ ཁྱད་ཚད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་ ཡོངས་བསྡོམས་༨༧༨༧ ཡོད་ས་ལས་ ཚོགས་རྒྱན་བཙུགས་པར་ མི་གྲངས་༦༦༨༢ འོང་ཡོདཔ་ད་ དེ་བཟུམ་སྦེ་ རྡོ་དཀར་ཤར་པ་འདེམས་ཁོངས་བཟུམ་ཅིག་ནང་འབད་བ་ཅིན་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་སྐྱུར་མི་༧༦༠༦ ཡོད་ས་ལས་ ཚོགས་རྒྱན་བཙུགས་མི་༥༩༥༦ འོང་ཡོདཔ་ཨིན་པས།


སྤ་རོ་བྱང་ས་ལས་ སྐྱེས་ལོ་༧༧ ལང་མི་ ཨམ་སྐལ་བཟང་སྒྲོལ་མ་གིས་ མོ་ར་ ཚོགས་པའི་འདེམས་ངོ་ ག་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་ན་ སླབ་མ་བཏུབ་རུང་ མོ་གིས་ ཉི་དྲོད་འདི་བཟུམ་ཅིག་ནང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་ འོང་ཞིནམ་ལས་ མོ་ར་གིས་ ལྕོགས་གྲུབ་འདུག་ཟེར་ མནོ་མི་འདེམས་ངོ་དེ་ལུ་ ཚོགས་རྒྱན་བཙུགས་ཚུགས་ནི་དེ་གིས་ བསམ་པ་རྫོགས་ཅི་ཟེར་ཨིན་པས། 


གཞུང་སྐྱོང་ག་གིས་ཐོབ་རུང་ མོ་རའི་ཁ་ཐུག་ལས་ འབད་ཚུགས་མི་དེ་ ཚོགས་རྒྱན་གཅིག་ལས་བརྒལ་མེདཔ་ལས་ དེ་འཕྲོ་བརླགས་མ་བཏང་པར་ བཙུགས་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།


སྤ་རོ་ལམ་གོང་ལས་ སྐྱེས་ལོ་༥༦ ལང་མི་ ཕོ་སྐྱེས་ཅིག་གིས་ སླབ་མིའི་ནང་ ཁོ་རའི་བཟའ་ཚང་ནང་མི་༤ ཡོད་དེ་འབད་རུང་ གཞན་མི་ཚུ་གི་སྐོར་ལས་སླབ་ནི་མེད་ཟེར་ཨིན་རུང་ ཁོ་གིས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ མཁའ་འགྲོ་དབང་ཕྱུག་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིནམ་ད་ ལམ་གོང་- ཝང་ཅ་འདེམས་ཁོངས་ལས་ བློན་པོ་བགྲེསཔ་དེ་ལུ་ ལྕོགས་གྲུབ་ཡོདཔ་ལས་ ཁོ་ལུ་བྱིན་ཡི་ཟེར་ཨིན་པས།


ཨིན་རུང་ ལུགས་གཉིས་གཡུས་ཚན་ལས་ ཨམ་ཅིག་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ འགྱུར་བ་དགོཔ་ཁག་ཆེཝ་ལས་ མོ་གི་ ཚོགས་རྒྱན་དེ་ མི་སེར་དམངས་གཙོ་ཚོགས་པའི་ སྐལ་བཟང་དབང་མོ་ལུ་ བཙུགས་དགོཔ་བྱུང་ཡི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


སྤ་རོ་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment