གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་འདེམས་ཁོངས་ཀྱི་འདེམས་ངོ་༢ ཀྱི་བར་ན་ དོ་འགྲན་སྦོམ་འབྱུང་ནི་ཨིནམ།

༩/༧/༢༠༡༣   ༉ མོང་སྒར་རྫོང་ཁག་འོག་གི་ འདེམས་ཁོངས་༣ ཡོད་པའི་གྲས་ལས་ མོང་སྒར་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ འཇིགས་མེད་བཟང་པོ་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་༢ ཀྱི་བར་ན་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ རྒྱལ་ཕམ་ཕྱེ་ནིའི་དོན་ལུ་ དོ་འགྲན་སྦོམ་འོང་ནི་མས་ཟེར་ མོང་སྒར་འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་ སླབ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀ་རྨ་ལྷམོ་དང་ དམངས་གཙོ་ཚོགས་པའི་འདེམས་ངོ་ འཇིགས་མེད་བཟང་པོ།


དེ་ཡང་ ཁོ་གིས་ སླབ་མིའི་ནང་ འགོ་ཐོག་བཙག་འཐུའི་སྐབས་ལུ་ འདེམས་ངོ་༢ ཀྱི་བར་ན་ ཚོགས་རྒྱན་གྱི་ཁྱད་པར་དེ་ མོང་སྒར་རྒེད་འོག་དང་ འབྲས་སྤུངས་རྒེད་འོག་གི་ མི་སེར་ཚུ་ལས་ འཇིགས་མེད་བཟང་པོ་གིས་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོདཔ་ད་ ཀརྨ་ལྷ་མོ་གིས་ ཆ་གླིང་རྒེད་འོག་དང་ རྩ་མང་ དེ་ལས་ ཙ་ཀ་གླིང་རྒེད་འོག་༣ ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོདཔ་ལས་ ད་རེས་ནངས་པ་ འདེམས་ཁོངས་གཞན་༢ ནང་གི་ འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་ཚུ་ ཤུགས་བཏོན་སར་མ་མཐོང་རུང་ མོང་སྒར་འདེམས་ངོ་༢ ཀྱིས་ ཤུགས་བཏོན་དོ་ཡོདཔ་ཨིན་པས།
དེ་མ་ཚད་ སྲིད་ཚོགས་༢ ཀྱི་གཙོ་འཛིན་གྱིས་ཡང་ མོང་སྒར་འདེམས་ཁོངས་ཀྱི་ མི་སེར་ཚུ་དང་གཅིག་ཁར་ བསྐུལ་བསྒྲགས་འབད་ནི་ལུ་ ཤུགས་བཏོན་སར་མཐོང་མི་དེ་ཡང་ འདེམས་ངོ་༢ ཀྱི་བར་ན་ དོ་འགྲན་སྦོམ་ཡོདཔ་ལས་བརྟེན་ཨིནམ་ད་ མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ ཁོང་རའི་ཚོགས་རྒྱན་དེ་ འདེམས་ངོ་ག་ལུ་བཙུགས་ནི་ཨིན་ན་ སེམས་ཐག་བཅད་དེ་ཡོད་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ འདེམས་ངོ་༢ ཀྱི་བར་ན་ དོ་འགྲན་སྦོམ་ཡོདཔ་ལས་ ཚོགས་རྒྱན་གྱི་དོན་ལུ་ ཉོགས་བཤད་ཡང་ འདེམས་ངོ་དེ་ནང་ལས་ཐོནམ་མས་ཟེར་ཨིནམ་ད་ མི་སེར་མང་ཤོས་ཅིག་གིས་ སླབ་མིའི་ནང་ ཚོགས་རྒྱན་དེ་ འགོ་ཐོག་བཙག་འཐུའི་ནང་བཟུམ་སྦེ་ར་ བཙུགས་ནི་ཟེར་ཨིན་པས།
ཁྲོམ་གྱི་ཚོང་པ་ལ་ལུ་ཅིག་གིས་ སླབ་མིའི་ནང་ ད་ལས་ཕར་ གཞུང་སྐྱོང་གི་གོ་སྐབས་དེ་ མི་སེར་དམངས་གཙོ་ཚོགས་པ་ལུ་ བྱིན་དགོཔ་ཡོད་མི་དེ་ཡང་ སྲིད་ཚོགས་མ་སོར་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་དེ་ ད་ལྟོ་ལས་ སྒྲིང་སྒྲིང་ཡོད་པའི་ཁར་ མ་འོངས་ལུ་ ཧེང་སྐལ་ར་ སྒྲིང་སྒྲིང་འགྱོ་ནི་ཨིནམ་ལས་ ཡུན་རིང་ལུ་ སོར་སྒྱུར་འབད་མ་ཚུགས་པའི་ སྲིད་ཚོགས་ཅིག་ལུ་ འགྱུར་ཉེན་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
མོང་སྒར་དང་ རྒྱལ་པོའི་ཞིང་གི་ཚོང་པ་ལ་ལུ་ཅིག་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ རྒྱལ་ཁབ་ནང་ ཕྱོགས་ལྷུང་མེད་པར་ དམངས་གཙོའི་གཞུང་གི་ གཞི་འགྱམ་ལེགས་ཤོམ་བཙུགས་གནང་ཡོདཔ་མ་ཚད་ གཞི་འགྱམ་དེ་ ལྷག་པར་དུ་ ལེགས་ཤོམ་ཚུད་དགོཔ་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ར་ རྒྱབ་སྐྱོར་འབད་དགོཔ་ཡོད་ཟེར་ ཚོང་པ་ཅིག་གིས་ སླབ་ཨིན་པས།
ཞིང་པ་ བསོད་ནམས་ཀྱིས་ སླབ་མིའི་ནང་  ཁོ་གིས་ ཐིམ་ཕུ་ལུ་ སྤུན་ཆ་ཚུ་ལུ་ དྲིས་བའི་སྐབས་ སྲིད་ཚོགས་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞི་འགྱམ་སྒྲིང་སྒྲིང་བཙུགས་ཡོད་པའི་ བསམ་འཆར་སླབ་ཡོདཔ་ལས་ ཚོགས་རྒྱན་དེ་ ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་ཡོད་མི་ཚུ་གིས་ སླབ་མིའི་ནང་ ཧེ་མ་ཡང་ ཁོང་གི་འདེམས་ངོ་ལས་ ལྕོགས་གྲུབ་ཅན་གྱི་མི་ཅིག་ ཤོར་ཡོདཔ་ལས་ ད་ལས་ཕར་ དེ་བཟུམ་གྱི་གནས་སྟངས་ མི་འབྱུང་ནིའི་དོན་ལུ་ མི་སེར་ཚུ་གིས་འབད་རུང་ ལྕོགས་གྲུབ་ཡོད་མི་ལུ་ རྒྱབ་སྐྱོར་འབད་དགོཔ་ཡོདཔ་ལས་ འཛོལ་བ་རྩ་ལས་ར་ འབད་ནི་མི་འོང་ཟེར་ཨིནམ་ད་ དེ་མ་ཚད་ ཁྲོམ་ཁར་སྡོད་མི་ ཚེ་དབང་གིས་ སླབ་མིའི་ནང་ ཁོ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མ་ཚུགས་མི་དེ་ཡང་ འགོ་ཁྲིདཔ་དེ་ ཨམ་སྲུ་འབད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཚུ་ཡང་ མི་སེར་ཚུ་ལུ་ ཐད་ཀར་དུ་ ཕན་ཐོགས་ཚུགས་པའི་ ཁས་བླངས་ལེ་ཤ་ཡོདཔ་ལས་ ཁས་བླངས་འབད་མི་ག་ར་ འགྲུབ་མ་ཚུགས་རུང་ ཕྱེད་ཀ་འགྲུབ་ཚུགས་རུང་ གོ་སྐབས་དེ་ མི་སེར་དམངས་གཙོ་ཚོགས་པ་ལུ་ བྱིན་དགོཔ་འདུག་ཟེར་ཨིན་པས།
ཨིན་རུང་ འདེམས་ཁོངས་ཀྱི་ མི་སེར་ཚུ་ལས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ གཙོ་འཛིན་༢ ཀྱིས་ཡང་ མི་སེར་ཚུ་དང་ཕྱད་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ མོང་སྒར་དང་ འབྲས་སྤུངས་རྒེད་འོག་གི་ མི་སེར་ཚུ་དང་ཕྱད་པའི་ཁར་ དེ་བསྒང་ མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་ག་དེ་སྦེ་ཡོད་ག་ འཛོམས་འདུའི་ནང་ཤེས་དོ་ཡོདཔ་ལས་ མི་སེར་ལེ་ཤ་ འཛོམས་མ་ཚུགསཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ཡང་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ ཆ་གླིང་དང་ ཙ་ཀ་གླིང་རྒེད་འོག་གི་ མི་སེར་ཚུ་དང་ འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ལུ་ ཆ་གླིང་རྒེད་འོག་གི་ མི་སེར་དག་པ་ཅིག་མ་གཏོགས་ ཙ་ཀ་གླིང་རྒེད་འོག་ནང་ མི་སེར་ཕུད་རྡོག་གཅིག་གིས་ཡང་ འཛོམས་འདུའི་ནང་ འོང་མ་བཏུབ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ འདེམས་ཁོངས་དེ་ནང་ལས་ རྒྱལ་ཁ་ག་གིས་འཐོབ་ཚུགས་ག་ སླབ་ཚུགས་ནི་ལུ་ ལཱ་ཁག་ཡོད་མི་དེ་ཡང་ རྒེད་འོག་༣ ལས་ འགོ་ཐོག་བཙག་འཐུའི་སྐབས་ལུ་ ཀརྨ་ལྷམོ་ལུ་ རྒྱབ་སྐྱོར་དང་ རྒེད་འོག་༢ ལས་ འཇིགས་མེད་བཟང་པོ་ལུ་ རྒྱབ་སྐྱོར་ཡོད་རུང་ མི་རློབས་དེ་ མོང་སྒར་རྒེད་འོག་ནང་ མཐོ་སུ་ཡོདཔ་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ རྒྱལ་ཁ་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ འཐོབ་ནི་བཟུམ་ཡོད་མི་དེ་ཡང་ ཚོགས་པ་ལེ་ཤ་ཡོད་མི་ལུ་བརྟེན་ཨིན་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ འགོ་ཐོག་བཙག་འཐུའི་ནང་ལས་ཕམ་མི་ སྲིད་ཚོགས་༢ ཀྱི་ རྒྱབ་སྐྱོར་པ་ལེ་ཤ་ཅིག་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་སར་ མཐོང་གསལ་བྱུང་ཡོདཔ་ལས་ རྒྱལ་ཁ་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ འཐོབ་འོང་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment