གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པ་གིས་ དྲགོས་ཀརྨ་ཨུ་ར་ལུ་ སྲིད་འབྲེལ་ཕྱོགས་གཏོགས་ཀྱི་དོགས་པ།

༨/༧/༢༠༡༣   ༉ འདས་པའི་བདུན་ཕྲག་མཇུག་ལུ་ གནས་སྐབས་གཞུང་གི་ དངུལ་རྩིས་ལྷན་ཁག་གི་གྲོས་སྟོན་པ་ དྲགོས་ཀརྨ་ཨུ་ར་གིས་འབད་བ་ཅིན་ རྒྱ་གར་གཞུང་གིས་ འབྲུག་ལུ་ ད་ཚུན་བྱིན་ཡོད་པའི་ ལྷན་ཐབས་དང་ ཕབ་ཆ་ལས་རིམ་༤ དེ་ཅིག་ བཤོལ་བཞག་འབད་ནི་ཨིན་མས་ཟེར་བའི་ བསམ་འཆར་བཀོད་མི་དེ་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ བདེན་ཁུངས་མེད་པའི་ཁར་ སྲིད་འབྲེལ་ནང་ ཁྱད་དབང་ཅིག་གིས་ ལགཔ་རྐྱབ་དོ་ཡོདཔ་སྦེ་ བརྡ་བརྒྱུད་ཚུ་ལུ་ གནས་ཚུལ་གསར་སྟོན་ཅིག་ནང་བཀོད་ནུག། 


དེ་ཡང་ འདས་པའི་བདུན་མཐའ་ལུ་ མེ་རླུང་གེསི་རྒྱ་རྫི་དང་ ས་སྣུམ་ དེ་ལས་ གློག་མེའི་རིན་གོང་ཕབ་ཆག་གི་ ལྷན་ཐབས་ཡོད་མི་ཚུ་ མེདཔ་བཟོ་བའི་ཁར་ རྒྱ་གཞུང་གིས་ ཅ་དམ་གྱི་ཁྲལ་ སླར་ལོག་འབྲུག་ལུ་བྱིན་སྲོལ་ཡོད་མི་དེ་ཡང་ ཤུལ་ལས་མི་བྱིན་ནི་ཨིནམ་མས་ཟེར་ ཀུན་གསལ་གྱི་ ཨིང་ལིཤ་གསར་ཤོག་ནང་བཀོད་ནུག།
དེ་མ་ཚད་ གནས་ཚུལ་དེ་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལས་ གསལ་སྟོན་འབད་བ་ཅིན་ དུས་ཚོད་ཕྱིས་ནི་ཨིནམ་ལས་ ད་རེས་གསར་སྟོན་འབད་མི་དེ་ དུས་ཐོག་ཨིན་པའི་ བསམ་འཆར་ཡང་བཀོད་ཡོདཔ་ད་ མ་གཞི་ ས་སྣུམ་དང་ མེ་རླུང་གེསི་རྒྱ་རྫི་གི་ ཕབ་ཆ་གི་ལྷན་ཐབས་དེ་ རྒྱ་གར་ལུ་ཡང་ ཕབ་ཆ་གི་ལྷན་ཐབས་ལམ་ལུགས་ཚུ་ ལ་ལུ་མེདཔ་བཟོ་མི་དང་འབྲེལ་ འབྲུག་ལུ་ལྷན་ཐབས་ཀྱི་ཕབ་ཆ་བྱིན་མི་དེ་ཡང་ མེདཔ་བཟོ་ཡོདཔ་ཨིན།
འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ དྲགོས་ཀརྨ་ཨུ་ར་གིས་ ཀུན་གསལ་ནང་བཙུགས་ཡོད་མི་ བསམ་འཆར་དེ་ གནས་སྐབས་གཞུང་གི་ བཀའ་རྒྱ་ཨིནམ་བཟུམ་བཟོ་སྟེ་ བཀོད་ནུག་ཟེར་ཨིནམ་ད་ གནས་སྐབས་གཞུང་གི་བཀའ་རྒྱ་ ཨིན་ན་མེན་ན་མ་ཤེས་རུང་ ཀུན་གསལ་དང་ འབྲུག་རྒྱང་བསྒྲགས་ནང་ བསམ་འཆར་དེ་ བཙུགས་དགོ་པའི་ ཨུ་ཚུགས་རྐྱབ་ནུག་ཟེར་ཨིན་པས།
ཕུན་སུམ་ཚོགས་པའི་ གནས་ཚུལ་གསལ་སྟོན་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ སྲིད་དང་འབྲེལ་བ་ག་དེ་སྦེ་ཡོད་རུང་ བཙག་འཐུའི་གནས་སྐབས་ དེ་བཟུམ་ཅིག་ནང་ གནས་སྐབས་གཞུང་གི་ ངོ་ཚབ་བཟོ་སྟེ་ དེ་བཟུམ་མའི་ བསམ་འཆར་བཀོད་མི་དེ་ ཚུལ་དང་མ་མཐུནམ་ཅིག་ ཨིན་མས་ཟེར་ཨིན་པས།
དྲགོས་ཀརྨ་ཨུ་ར་གིས་འབད་བ་ཅིན་ ཆུ་ཁ་གློག་མེ་ལས་འགུལ་ལས་ རྒྱ་གར་གཞུང་གིས་ གློག་མེ་ཡུ་ནིཊ་རེ་ལུ་ རུ་པི་༢ རེ་སྦེ་ ཉོ་ཞིནམ་ལས་ རྒྱ་གར་གྱི་མི་སེར་ལུ་ ཡུ་ནིཊ་རེ་ལུ་ རུ་པི་༡.༥༥ རེ་སྦེ་ བཙོངམ་ཨིན་ཟེར་ཨིནམ་ད་ འབྲུག་ལུ་ པའི་ས་༤༥ ལྷན་ཐབས་སྦེ་ བྱིན་མི་དེ་ཡང་ ད་ལས་ཕར་ རྒྱ་གར་གཞུང་གིས་ མི་བྱིན་ནི་སྦེ་ སླབ་ཡོདཔ་ལས་ དེ་གིས་ འབྲུག་གི་འོང་འབབ་ལུ་ ཤུགས་སྦེ་ར་ ཐོ་ཕོག་འོང་ཟེར་བཀོད་ནུག།
དེ་འབདཝ་ད་ འབྲུག་ཕུན་སུམ་ཚོགས་པའི་ གནས་ཚུལ་གསར་སྟོན་ནང་ སྤྱི་ལོ་༢༠༠༥ ལུ་བཀོད་མི་ ཆིངས་ཡིག་དང་འཁྲིལཝ་ད་ གློག་མེ་ཡུ་ནིཊ་རེ་ལུ་ གོང་ཚད་རུ་པི་༢ རེའི་ཐོག་ ཉོ་བཙོང་འཐབ་ནི་སྦེ་ བཟོ་ཡོདཔ་ལས་ ཕབ་ག་བཤོལ་བཞག་གི་ ལོ་རྒྱུས་མེདཔ་མ་ཚད་ བསྟན་རྒྱས་ལྷན་ཁག་གིས་ གློག་མེའི་གོང་ཚད་དེ་ ཡར་སེང་འབད་ནི་གི་ གྲོས་བསྟུན་ཚུ་ཡང་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
དེ་མ་ཚད་ གནད་དོན་དེ་དང་འབྲེལ་ དེ་བཟུམ་མའི་ ལྷན་ཐབས་ཀྱི་ཕབ་ཆ་ལམ་ལུགས་ཚུ་ བཤོལ་བཞག་འབད་ནི་ཨིན་ཟེར་བའི་ གཞུང་འབྲེལ་གྱི་ཡིག་རིགས་ རྒྱ་གར་ལས་ ལྷོ་ལྷོདཔ་ག་ནི་ཡང་ མིན་འདུག་ཟེར་ཨིནམ་ད་ ཅ་དམ་གྱི་ཁྲལ་ སླར་ལོག་འཐོབ་ནི་ཡོད་མི་དེ་ཡང་ བཤོལ་བཞག་ཐོག་ ཤུལ་ལས་མི་བྱིན་ནི་སྦེ་ བཀོད་མི་དེ་ཡང་ གཞུང་འབྲེལ་ཐོག་ལས་ གསུང་གྲོས་བྱུང་བྱུངམ་མིན་འདུག་ཟེར་ཨིན་པས།
གཞན་ཡང་ རྒྱ་གར་གྱིས་ ཅ་དམ་གྱི་ཁྲལ་ སླར་ལོག་འབྲུག་ལུ་བྱིན་མི་དེ་ཡང་ ཚོང་འབྲེལ་ཆིངས་ཡིག་གི་ རྩ་ཚན་༨ པའི་ནང་ རྒྱ་འབྲུག་༢ ཀྱིས་ ཚོང་འབྲེལ་ལུ་བརྟེན་པའི་ ཅ་དམ་གི་ཁྲལ་ཚུ་ གནད་དོན་དང་བསྟུན་ ལོ་བསྟར་བཞིན་དུ་ གཞུང་༢ ཀྱི་ཞལ་འཆམ་ཐོག་ལས་ སླར་ལོག་བྱིན་ནི་ཟེར་ཨིན་པའི་ཁར་ ཆིངས་ཡིག་དེ་ སྤྱི་ལོ་༢༠༠༦ གི་ ཟླ་༧ པའི་ཚེས་༢༩ ལས་ འགོ་བཙུགས་ཏེ་ ལོ་༡༠ གྱི་རིང་ ཆ་གནས་འབད་དགོཔ་སྦེ་ ཡོད་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ བསམ་འཆར་དེ་ བརྡ་བརྒྱུད་ནང་བཀོད་ནི་དེ་ སྒེར་གྱི་བསམ་འཆར་མེན་པའི་ ཚོར་སྣང་ཡོདཔ་མ་ཚད་ ད་ལྟོ་ སྤྱིར་བཏང་བཙག་འཐུའི་ གནས་སྟངས་གལ་ཅན་ཅིག་གི་ དུས་ཚོད་ཁར་ དེ་བཟུམ་མའི་  གནས་ཚུལ་གསར་ཤོག་ནང་ བསམ་འཆར་བཀོད་ནི་དེ་ འོས་འབབ་མེདཔ་སྦེ་ མཐོང་ཡི་ཟེར་ཨིན་པས།
བསམ་འཆར་དེ་གིས་ མི་མང་ལུ་ ཕན་ཐབས་འབྱུང་ནིའི་ཚབ་ དེ་གིས་ སྤྱིར་བཏང་བཙག་འཐུའི་གྲུབ་འབྲས་ལུ་ ཐད་ཀར་དུ་ ཁྱད་པར་བཟོ་ནིའི་ འོས་འབབ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཚུ་གི་སེམས་ཁར་ ཚ་གྱང་དང་ འཇིགས་སྣང་འབྱུང་ནིའི་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།
འདི་བཟུམ་མའི་ གནས་སྟངས་དེ་ འདས་པའི་གནས་སྐབས་ཚུ་ནང་ཡང་ བྱུང་ཡོདཔ་ཨིན་རུང་ རྒྱ་འབྲུག་གི་མཐུན་ལམ་ལུ་བརྟེན་ དེ་བཟུམ་གནད་དོན་ཚུ་ ག་ཅི་ར་འབྱུང་རུང་ གཞུང་༢ ཀྱི་བར་ན་ གཅིག་འབྲེལ་གྱི་ ཞལ་འཆམ་ཐོག་ལས་ དཀའ་ངལ་ཚུ་ སེལ་ཐབས་འབད་དེ་ ད་ཚུན་གྱི་རིང་ དཀའ་ངལ་མེདཔ་ཨིན་ཟེར་ཨིན་པས།
གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་གིས་ སླར་ལོག་གཞུང་སྐྱོང་གི་ གོ་སྐབས་འཐོབ་སྟེ་འབད་བ་ཅིན་ ཕུན་སུམ་ཚོགས་པ་དང་ ཚོགས་པའི་འགོ་ཁྲིདཔ་དང་ རྒྱ་གཞུང་གི་ འགོ་ཁྲིདཔ་ཚུ་གི་བར་ན་ གཞུང་དང་སྒེར་འབྲེལ་ཐོག་ལས་ མཉམ་འབྲེལ་དང་མཐུན་ལམ་རྒྱ་ཆེ་དྲགས་ཡོད་མི་ལུ་བརྟེན་ དཀའ་ངལ་དང་ གནས་སྟངས་ག་བཟུམ་བྱུང་ཡོད་རུང་ བསལ་ཚུགས་པའི་འོས་འབབ་ཡོད་ཟེར་ཨིན་པས།
དེ་མ་ཚད་ གཞུང་སྐྱོང་ཐོབ་པའི་ ཉིན་དང་པ་ལས་ འགོ་བཙུགས་ཏེ་ དཀའ་ངལ་དེ་ཚུ་ བསལ་ནི་དེ་ གཙོ་རིམ་དང་པ་ཨིནམ་སྦེ་ གསལ་བཤད་འབད་བཞིན་དུ་ཡོད་ཟེར་ བཀོད་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment