གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རོ་ཁྱི་གཤག་བཅོས་ཀྱི་ལས་རིམ་ འགོ་འདྲེན་འཐབ་ནི།

༡/༧/༢༠༡༣   ༉ ཁྲོམ་སྡེ་ནང་འཁོད་ལུ་ རོ་ཁྱི་སྤྱང་ཁྱི་གི་གྱངས་ཁ་ མར་ཕབ་འབད་ནིའི་དོན་ལུ་ ད་རུང་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ འཕྲལ་མགྱོགས་ར་ གཤག་བཅོས་ཀྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས།
དེ་ཡང་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱི་ བཟོ་རིག་འགོ་དཔོན་འོགམ་ བཀྲ་ཤིས་ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་ གཙོ་བོ་ར་ སྤྱང་ཁྱི་གི་གྱངས་ཁ་ མར་ཕབ་འབད་ནིའི་དོན་ལུ་ ཨིནམ་བཞིན་དུ་ ལས་འཛིན་གྱིས་ ལས་རིམ་གྱི་དོན་ལུ་ རོ་ཁྱི་བཟུང་མི་ ཕོ་སྐྱེས་༩ གནས་སྐབས་ཀྱི་ལཱ་གཡོག་ནང་ བཙུགས་ཏེ་ཡོད་ཟེར་ཨིན་པས།



ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་གི་དོན་ལུ་ ལཱ་འབད་མི་ ཌོག་ཊར་དག་པ་ཅིག་རྩིས་ཏེ་ སྡེ་ཚན་གསུམ་ལུ་ ཁག་དབྱེ་སྟེ་ཡོདཔ་ད་ ཁོང་གིས་ རོ་ཁྱི་ཚུ་ ཆུ་བར་ཆུ་ལུ་ཡོད་མི་ སེམས་ཅན་སྨན་བཅོས་འབད་སའི་ ས་ཁོངས་ནང་སྐྱེལ་ཏེ་ གཤག་བཅོས་འབད་ནི་ཨིན་པས།
ཟླཝ་ཅིག་གི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ ལས་རིམ་ནང་ ཐིམ་ཕུ་ནང་འཁོད་ལས་ རོ་ཁྱི་༥༠༠༠ དེ་ཅིག་ལུ་ གཤག་བཅོས་འབད་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཡོདཔ་ད་ དེ་ཡང་ རོ་ཁྱི་མོ་ཚུ་ལུ་ གཙོ་རིམ་བཟུང་ནི་ཟེར་ཨིན་རུང་ རོ་ཁྱི་ཕོ་ཚུ་ཡང་ གཤག་བཅོས་འབད་འོང་ཟེར་ཨིན་པས།
བཀྲ་ཤིས་ཚེ་རིང་གིས་ རོ་ཁྱི་མོ་གཤག་བཅོས་འབད་བ་ཅིན་ ཕོ་ཚུ་དང་གཅིག་ཁར་ ལུས་འབྲེལ་འབད་རུང་ ཕྱུག་གུ་འཚའ་ནི་གི་ གོ་སྐབས་མེད་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ རོ་ཁྱི་ཚུ་ ག་ལྷོད་ས་ལས་ བཟུང་འབག་སྟེ་ ཆུ་བར་ཆུ་ལུ་ གཤག་བཅོས་འབད་དེ་ ས་ཁོངས་དེ་ནང་ར་ བཀོག་བཞག་མི་གིས་ སྟབས་མ་བདེཝ་ཐོན་མི་ལུ་བརྟེན་ ད་ལས་ཕར་ གཤག་བཅོས་འབད་མི་ སྤྱང་ཁྱི་ཚུ་ གཤག་བཅོས་འབད་ཚར་བའི་ཤུལ་ལས་ ག་ཏེ་ལས་ བཟུང་འབག་འོང་ཡི་ག་ ས་གནས་དེ་ཁ་ར་ ལོག་སྐྱེལ་འོང་ཟེར་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་ནང་འཁོད་ཀྱི་དོན་ལུ་ འདས་པའི་ལོ་གསུམ་གྱི་ཧེ་མར་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་གིས་ རོ་ཁྱི་སྟོང་ཕྲག་ལས་བཅད་དེ་ གཤག་བཅོས་འབད་ཡོད་རུང་ རོ་ཁྱི་གི་གྱངས་ཁ་དེ་ ཡར་སེང་འགྱོ་ས་ མཐོངམ་ཨིན་པས།
བཟོ་རིག་འགོ་དཔོན་ལས་རོགསཔ་གིས་ གཤག་བཅོས་འབད་མིའི་རོ་ཁྱི་ཚུ་ ཨོལ་ལྐོག་གུ་ ཐགཔ་བཏག་གཏང་ནི་ཟེར་ཨིན་རུང་ ད་ཚུན་ རོ་ཁྱི་ག་དེམ་ཅིག་ལུ་ གཤག་བཅོས་འབད་ཡོདཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིནམ་ད་ མ་དངུལ་ཐོབ་པ་ཅིན་ ཤུལ་ལས་ཡང་ དེ་བཟུམ་གྱི་ལས་རིམ་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ ཁྲོམ་སྡེ་ནང་མཐོང་གསལ་བྱུང་མི་ རོ་ཁྱིའི་གྱངས་ཁ་ལུ་ལྟ་བ་ཅིན་ ཁྲོམ་སྡེ་ནང་ རོ་ཁྱི་གི་གྱངས་ཁ་དེ་ འདས་པའི་ལོ་ནང་ གཤག་བཅོས་ཀྱི་ལས་རིམ་གྱིས་ ཕན་ཐོགས་བྱུང་མ་ཚུགས་པའི་ མཐོང་གསལ་བྱུངམ་ཨིན་པས།
ཁྲོམ་སྡེ་ནང་ འགྲོ་འགྲུལ་འབད་མི་ཚུ་ལུ་ འཕྲལ་འཕྲལ་སྐབས་ རོ་ཁྱི་ཚུ་གིས་ བདའ་འགྱོ་དོ་ཡོད་པའི་ཁར་ སྣུམ་འཁོར་ཚུ་ཡང་ བདའ་འགྱོ་བའི་ མངོན་གསལ་བྱུངམ་མ་ཚད་ ཕྱི་རུ་ སྒྲིག་གཡོག་ནང་འགྱོ་མི་ ཁྲིམས་སྲུང་འགག་པ་ཚུ་ཡང་ བདའ་འགྱོ་ས་མཐོངམ་ཨིན་པས།
སྒོ་ནོར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ འདས་པའི་དྲི་བཀོད་ནང་ ཀུན་གསལ་ལུ་སླབ་དོ་བཟུམ་འབད་བ་ཅིན་ རོ་ཁྱི་གི་གྱངས་ཁ་ མར་ཕབ་འབད་ནིའི་དོན་ལུ་ རོ་ཁྱི་༥༠༠༠༠ ལྷགཔ་ཅིག་ བཞག་ས་བཟོ་སྟེ་ བཞག་ནི་གི་ ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོད་རུང་ ལས་རིམ་དེ་ ཡུན་བརྟན་སྦེ་ བཞག་མ་ཚུགསཔ་ཨིན་པས།
སྒོ་ནོར་མཁས་མཆོག་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱང་འཁྱམས་སྡོད་མི་ རོ་ཁྱི་ཕོ་མོ་ཚུ་གིས་ ལོ་༦ གི་ནང་འཁོད་ལུ་ རོ་ཁྱི་༦༦༠༠༠ དེ་ཅིག་ལུ་ ཡར་སེང་འགྱོ་ཚུགས་ཟེར་ཨིན་པས།
ལས་རིམ་གྱི་སྐབས་ལུ་ ཐིམ་ཕུ་ཁྲོམ་སྡེ་གིས་ སྐྱེལ་འདྲེན་གྱི་ཞབས་ཏོག་ཚུ་ བྱིན་ནི་ཨིནམ་ད་
ཐིམ་ཕུ་ལུ་ཡོད་མི་ སྒོ་ནོར་གཙོ་འཛིན་འགོ་དཔོན་ ཌོག་ཊར་ཀུན་ལེགས་རྡོ་རྗེ་གིས་ འདས་པའི་དྲི་ལན་ནང་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༡༩༩༢ ལས་ ད་ཚུན་ ཐིམ་ཕུ་ལུ་ རོ་ཁྱི་ལས་སྤེལ་བའི་ འཆོལ་ནད་ཀྱི་ ཐོ་བཀོད་འབད་དེ་ མེད་ཟེར་ཨིན་པས།
བཀྲ་ཤིས་ཚེ་རིང་གིས་ ལས་རིམ་གྱི་སྐབས་ལུ་ གཤག་བཅོས་རྐྱངམ་གཅིག་མེན་པར་ ནདཔ་ཐོན་སྡོད་མི་ རོ་ཁྱི་ཚུ་ཡང་བཟུང་སྟེ་ ཝང་ཆུ་ལྟག་པ་ལུ་ཡོད་མི་ སྨོན་བཅོས་ལྟེ་བའི་ནང་ སྨན་བཅོས་ཀྱི་དོན་ལུ་ སྐྱེལ་འོང་ཟེར་ཨིན་པས།
ལས་རིམ་དེ་ སྤྱི་ཟླ་༧ པའི་ཚེས་༡ ལས་༣༠ ཚུན་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment