གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདས་པའི་གཞུང་གི་ གྲུབ་འབྲས་མེན་པ་ཅིན་ ག་གི་གྲུབ་འབྲས་ཨིན་ན?

༡/༧/༢༠༡༣    ༉ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ ལྷུན་རྩེ་རྫོང་ཁག་ སྨན་སྦིས་-བཙན་མཁར་འདེམས་ཁོངས་ཀྱི་ མི་སེར་ཚུ་དང་ ཕྱད་པའི་སྐབས་ འདས་པའི་འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་ ད་ལྟོ་ཚུན་འབད་ཡོད་མི་ ལཱ་གི་གྲུབ་འབྲས་ཚུ་ མིག་མཐོང་ལག་བཟུང་དང་ དྲིམ་མནམ་ནི་མེད་མི་ཚུ་ཡང་ མི་སེར་ཚུ་གིས་ སེམས་ཁར་དྲན་གནང་དགོཔ་དེ་ ཁག་ཆེ་ཟེར་བཤད་ཅི།
ཀུར་སྟོད་སྨན་སྦིས་-བཙན་མཁར་འདེམས་ཁོངས་ཀྱི་ མི་སེར་ཚུ་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱི་ ཁས་བླངས་གསལ་བསྒྲགས་ཉན་པར་ ཨའུ་མཚོ་ལུ་ འགྱོ་བའི་བསྒང་།


འབྲུག་ཕུན་སུམ་ཚོགས་པ་གིས་ འདས་པའི་ལོ་༥ གི་རིང་ གཞུང་སྐྱོང་མཛད་པའི་སྐབས་ལུ་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ཀྱི་ གཞི་གྱམ་སྒྲིང་སྒྲིང་བཙུགས་ཏེ་ ལུང་ཕྱོགས་དང་ གཡུས་ཕྱོགས་ དེ་ལས་ ཆོས་ལུགས་ལ་སོགས་པའི་ སྟབས་མ་བདེཝ་རྩ་ལས་ ཐོན་མ་བཅུག་པར་ རྒྱལ་ཁབ་ནང་ མཐུན་ལམ་གཅིག་སྒྲིལ་ཐོག་ལས་ གནས་ཏེ་ཡོད་མི་ བདེ་སྐྱིད་འདི་ སྔར་ལས་ལྷགཔ་སྦེ་ བཟོ་མི་དེ་ གྲུབ་འབྲས་སྦོམ་ཤོས་ཅིག་ཨིནམ་ མི་སེར་ཚུ་གིས་ སེམས་ཁར་དྲན་གནང་དགོ་ཟེར་ གཙོ་འཛིན་གྱིས་ བཤད་ཅི།
གཙོ་འཛིན་གྱིས་ སླབ་མིའི་ནང་ ད་རེས་ནངས་པ་ སྲིད་ཚོགས་གཞན་གྱི་ ཚོགས་པ་དང་ འདེམས་ངོ་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ ལཱ་ག་ཅི་ཡང་མ་འབད་ཟེར་ ཁ་བཏང་དོ་ཡོད་པའི་ཁར་ འདས་པའི་གཞུང་གིས་འབད་མི་ གྲུབ་འབྲས་ཚུ་ གཞུང་གིས་མེན་པ་ཅིན་ ག་གི་གྲུབ་འབྲས་སྦེ་ ཆ་བཞག་ནི་སྨོ་ཟེར་ཨིནམ་ད་ དེ་བཟུམ་གྱི་ མ་བདེན་པའི་ གཏམ་སླབ་པའི་སྐབས་ལུ་ ཉན་ནི་མི་འོང་ཟེར་ མི་སེར་ཚུ་ལུ་སླབ་ཅི།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ གོང་འཕེལ་གྱི་གྲུབ་འབྲས་ གློག་མེ་དང་ འགྲུལ་འཕྲིན་གྱི་ཞབས་ཏོག་ཚུ་ འབྲུག་གློག་མེ་ལས་འཛིན་དང་ འགྲུལ་འཕྲིན་གྱི་ ཞབས་ཏོག་ཚུ་ འགྲུལ་འཕྲིན་བཱི་མོ་བཱལ་དང་ བཀྲ་ཤིས་སེལ་༢ ཀྱིས་ གྲུབ་འབྲས་ཨིན་ཟེར་ སླབ་མི་དེ་ལུ་ བདེན་པ་བཟུང་དགོཔ་མེད་ཟེར་ཨིན་པས།
དེ་ཡང་ གཞུང་གི་ ཕྱག་འགན་ངོ་མ་ར་ རྒྱལ་ཁབ་ནང་ ཁྲིམས་དང་སྲིད་བྱུས་བརྩམ་ནི་ མ་དངུལ་འཚོལ་ནི་ཚུ་ཨིནམ་ལས་ གློག་མེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ གཞུང་གིས་ མ་དངུལ་ས་ཡ་༨༠ དེ་ཅིག་ རྒྱལ་ཁབ་གཞན་ཁ་ལས་འཚོལ་ཏེ་ འབྲུག་གློག་མེ་ལས་འཛིན་ལུ་ སྤྲོད་མི་དེ་ གཞུང་གི་ གྲུབ་འབྲས་མེན་པ་ཅིན་ ག་ཅི་ཨིན་ན་ཟེར་ དྲི་བ་བཀོད་ཅི།
དེ་བཟུམ་སྦེ་ འགྲུལ་འཕྲིན་ཞབས་ཏོག་གི་དོན་ལུ་ཡང་ འདས་པའི་གཞུང་གིས་ མ་དངུལ་ས་ཡ་༥༡༡ དེ་ཅིག་ རྒྱལ་ཁབ་གཞན་ལས་ གྲོགས་རམ་འཚོལ་ཏེ་ སྤྲོད་ཡོད་མི་དེ་ཡང་ གཞུང་གིས་གྲུབ་འབྲས་མེན་པར་ ག་གི་གྲུབ་འབྲས་སྨོ་ཟེར་ཨིནམ་ད་ སྲིད་ཚོགས་གཞན་གྱིས་འབད་བ་ཅིན་ མི་སེར་ཚུ་ལུ་ ཤེས་ཅི་མཐོང་ཅི་ར་ མགུ་སྐོར་རྐྱབ་ཨིནམ་སྦེ་ སླབ་མས་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ རྒྱལ་ཁབ་ནང་ མ་དངུལ་བགོ་བཀྲམ་འབད་བའི་སྐབས་ལུ་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ འབད་དོ་ཡོདཔ་ལས་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་ཁོ་ར་ཡ་ ཧེ་མ་ སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ ཕྱག་ཞུ་ཡོདཔ་ལས་ གློག་མེ་བཀྲམ་སྤེལ་འབད་ནི་དང་ འགྲུལ་འཕྲིན་གྱི་ ཞབས་ཏོག་སྤྲོད་ནིའི་དོན་ལུ་ གཞུང་གིས་ མ་དངུལ་འཚོལ་ཏེ་ སྤྲོད་མི་དེ་ ཤེས་རུང་ ད་རེས་ མི་སེར་ཚུ་ལུ་ མ་ཤེསཔ་བཟུམ་སྦེ་ སླབ་མི་དེ་ལུ་ བདེན་པ་བཟུང་ནི་ཨིན་ན་མེན་ན་ ལྟ་དགོཔ་འོང་མི་འོང་ཟེར་ཨིན་པས།
དེ་མ་ཚད་ ཧེ་མ་འབད་བ་ཅིན་ འཆར་གཞི་༡༡ པའི་ མ་དངུལ་ཡོདཔ་ལས་ གོང་འཕེལ་གྱི་ལཱ་དང་ ལས་སྣ་ག་ཅི་ར་འབད་རུང་ འཇམ་ཟེར་ སླབ་མི་དེ་ ད་རེས་ནངས་པར་ མི་སེར་ཚུ་ལུ་ འབྲུག་ཕུན་སུམ་ཚོགས་པའི་ མཐུན་ལམ་མེདཔ་བཏང་མི་ལུ་བརྟེན་ མ་དངུལ་དེ་ ད་ལྟོའི་བར་ན་ཡང་ གཏན་འཁེལ་མ་འགྱོ་བས་ཟེར་ ཁ་བཏང་མི་དེ་ལུ་ ཁོ་གིས་འབད་བ་ཅིན་ མ་དངུལ་ཚུ་ གཞུང་བཙག་འཐུ་གྲུབ་ཞིནམ་ལས་རྐྱངམ་གཅིག་ འཚོལ་དགོཔ་ཨིན་ཟེར་ དོགས་སེལ་འབད་ཡི།
འདས་པའི་འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ ཧེ་མར་ རྒྱལ་ཁབ་༢༡ དང་གཅིག་ཁར་ མཐུན་ལམ་ཡོད་མི་དེ་ རྒྱལ་ཁབ་༥༣ ལུ་ རྒྱ་བསྐྱེད་འབད་ཡོདཔ་ལས་ རྒྱལ་ཁབ་འདི་ རང་དབང་རང་བཙན་སྦེ་ སྡོད་དགོ་པ་ཅིན་ མཐུན་ལམ་དེ་ ཁག་ཆེ་ཟེར་ཨིནམ་ད་ འདས་པའི་གཞུང་གིས་ རྒྱ་གར་དང་གཅིག་ཁར་ མཐུན་ལམ་མེདཔ་བཏང་ཡི་ཟེར་ སྲིད་ཚོགས་གཞན་གྱིས་ སླབ་མི་དེ་ རྩ་ལས་མི་བདེན་ཟེར་ཨིན་པས།
ད་རེས་ནངས་པ་ མི་སེར་ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལས་ཕར་ གཞུང་སོར་བལྟ་དགོ་ནི་མས་ཟེར་བའི་ ལོ་རྒྱུས་ཚུ་གོ་ཡོདཔ་ལས་ གཙོ་འཛིན་གྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ཕུགས་ཀྱི་བདེ་ཐབས་སྒྲིག་མི་གཞུང་དེ་ གདམ་འཐུ་འབད་ནི་ལུ་ མི་སེར་ཚུ་གིས་ འགན་ཁག་འབག་ཚུགས་པའི་ བློ་གཏད་ཡོད་མི་དེ་ཡང་ འབྲུག་མི་ཚུ་ལུ་ རིག་པ་གཞན་དང་ མ་འདྲཝ་ཅིག་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་སོར་བལྟ་དགོ་པས་ཟེར་ སླབ་མི་དེ་ རྩེདམོ་མེནམ་ལས་ མི་སེར་ཚུ་གིས་འབད་རུང་ རྒྱལ་ཁབ་ཀྱི་ སྲོག་ཤིང་བཟུམ་ཅིག་གིས་ གཞུང་གདམ་འཐུ་འབད་དགོཔ་ལས་ ད་ལས་ཕར་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ ཕྱག་ག་གིས་ ཞུ་ཚུགས་ག་ ན་འཐན་ལྟ་ཞིནམ་ལས་ ཚོགས་རྒྱན་བཙུགས་གནང་ནིའི་ དུས་ཚོད་དེ་ རན་ཡི་ཟེར་ཨིན་པས།
གལ་སྲིད་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ དམ་ཚིག་དཔང་ལུ་བཙུགས་ཏེ་ ཕྱག་ཞུ་ཚུགས་མི་ གཞུང་དེ་ གདམ་འཐུ་འབད་མ་ཚུགས་པ་ཅིན་ འབྲུག་རྒྱལ་ཁབ་ནང་ཡང་ དམངས་གཙོའི་གཞུང་དེ་ རོགས་ཀྱི་རྒྱལ་ཁབ་ནང་བཟུམ་སྦེ་ འགྱོ་བའི་བསྒང་ལས་ བསྐྱལ་ས་བསྐྱལ་ཚརཝ་ཨིན་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ དེ་བསྒང་ལས་ མིག་ཆུ་དང་ ལྟོ་གཅིག་ཁར་ སླ་བསྲེ་འགྱོ་བཟའ་བའི་ དུས་ཤར་ནིའི་ ཉེན་ཁ་ཡོདཔ་ལས་ དུས་ཚོད་ཕྱིས་འོང་ཟེར་ སླབ་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment