གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡/༧/༢༠༡༣   འགྲེམ་ཐོག་ཚོགས་རྒྱན་ཚུ་ རྒྱུན་བརྟན་ཡོདཔ་ཨིན་ན?
༉ འབྲུག་གི་སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ ཉིན་གྲངས་༡༢ མ་གཏོགས་མེདཔ་ལས་ འབྲུག་པའི་མི་སེར་ཚུ་ ཚོགས་རྒྱན་བཙུགས་པར་ འགྱོ་ནི་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོད་ཟེར་ཞུ་ནི།


འདི་བཟུམ་མའི་ རྒྱལ་རབས་ཅན་གྱི་ བཙག་འཐུའི་ནང་ མི་སེར་ཡོངས་ཀྱིས་ འབྲེལ་གཏོགས་འབད་དགོཔ་ གལ་ཆེ་མི་དེ་ཡང་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་ཚུགས་མི་ ལྕོགས་གྲུབ་ཅན་གྱི་ གཞུང་བཙག་འཐུ་འབད་ཐབས་ལུ་ཨིནམ་ལས་ མི་དབང་ཡབ་སྲས་རྣམ་གཉིས་ཀྱིས་ མི་སེར་ལུ་ གསོལ་རས་སྦེ་གནང་མི་ དམངས་གཙོའི་རིང་ལུགས་འདི་ དོན་སྨིན་ཅན་བཟོ་ནི་ལུ་ ལྷན་ཐབས་འབད་དགོ་ཟེར་ཞུ་ནི།
ད་རེས་ནངས་པ་ སྤྱིར་བཏང་བཙག་འཐུའི་ དོ་འགྲན་འབད་མི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གཉིས་ཆ་རའི་ ཁ་ཐུག་ལས་ ཁས་བླངས་གསལ་བསྒྲགས་འབད་དང་འབད་བཞིན་དུ་ཡོདཔ་མ་ཚད་ གཅིག་གིས་གཅིག་ལུ་ ཉོགས་བཤད་དང་ སྐྱོན་བརྗོད་འབད་མི་ཚུ་གིས་ མི་སེར་ཚུ་ བསུན་འཚེར་བྱུང་པའི་ གནད་དོན་ཅིག་ལུ་ གྱུར་ཡོད་རུང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ འཕྲལ་ཕུགས་གཉིས་ཆ་ར་ ག་གིས་ཕན་ཐོགས་ནི་ཨིན་ན་ ན་འཐན་བརྟག་དཔྱད་དང་ བསམ་ཞིབ་འབད་ཐོག་ལས་ རང་སོའི་ཐོབ་དབང་བསྟར་སྤྱོད་འབད་དགོ་ཟེར་ ཞུ་ནི།
མ་གཞི་ འཕྲུལ་ཐོག་ཚོགས་རྒྱན་བཙུགས་ནི་གི་ ཐད་ལུ་ལྷོདཔ་ད་ འབྲུག་པའི་མི་སེར་ཚུ་ ཞུ་ནི་ཕར་བཞག་ ང་བཅས་ལས་ལྷགཔ་སྦེ་ ཁོང་གིས་ ཤེས་དོ་ཡོདཔ་ལས་ ཚོགས་རྒྱན་གྱི་ ཐོབ་དབང་བསྟར་སྤྱོད་འབད་ནི་ལུ་ དོགས་སྣང་ག་ནི་ཡང་མེད་རུང་ ད་རེས་ནངས་པ་ འགྲེམ་ཐོག་ཚོགས་རྒྱན་གྱི་སྐོར་ལས་ ལོ་རྒྱུས་འདྲ་མ་འདྲཝ་གོ་མི་དང་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ རྫོང་ཁ་གསར་ཤོག་གི་ རྩོམ་སྒྲིག་པའི་ འཆར་སྣང་ནང་ གསལ་བཀོད་འབད་མི་ལུ་ལྟཝ་ད་ འགྲེམ་ཐོག་ཚོགས་རྒྱན་དེ་ཡང་ གསང་བའི་ཐོག་ལས་ བཙུགས་དགོཔ་ཨིན་རུང་ གཙུག་སྡེ་ལ་ལུ་ཅིག་ནང་ འགོ་དཔོན་ཚུ་གིས་ ཨིན་རྟགས་བཀལ་བཅུག་ཡོད་པའི་ ལོ་རྒྱུས་གོཝ་ད་ སེམས་ཕམ་སྦོམ་ བྱུང་ཡི་ཟེར་ཞུ་ནི།
ས་གཞི་ འདི་བཟུམ་མའི་ ལོ་རྒྱུས་མང་ཤོས་ཅིག་ར་ ཁ་ཉེས་བཀལ་བའི་ ཧམ་བཤད་ཚུ་ འོང་དོ་ཡོདཔ་ལས་ ཕྱེད་བདེན་ཕྱེད་མི་བདེན་དོ་ཡོདཔ་ཨིན་རུང་ རང་གིས་དགའ་མི་ལུ་མིན་པར་ བང་བཙོང་སྟེ་ སྲིད་ཚོགས་གཞན་ཅིག་གི་ འདེམས་ངོ་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་བཅུག་པ་ཅིན་ རང་མོས་དང་ རྣམ་དག་གི་ གཞི་རྩ་ལུ་ དོགས་སྣང་བྱུངམ་མ་ཚད་ འགྲེམ་ཐོག་ཚོགས་རྒྱན་དེ་ར་ བརྟན་ཏོག་ཏོ་མེད་པའི་ བརྡ་མཚོན་ཅིག་ཡང་ སྟོནམ་མས་ཟེར་ཞུ་ནི།
གསང་བའི་ཚོགས་རྒྱན་འདི་ མི་རང་ར་སོ་སོའི་ ཐོབ་དབང་ཨིནམ་ལས་ གཞན་གྱིས་ སྲིད་ཚོགས་འདི་ནང་ ཚོགས་རྒྱན་བཙུགས་ གཞན་མི་ནང་ བཙུགས་མི་དགོ་ཟེར་ སླབ་པ་ཅིན་ རྩ་ཁྲིམས་ཆེན་མོ་གིས་ འབྲུག་པའི་མི་སེར་ཡོངས་ལུ་ གཞི་རྟེན་ཐོབ་དབང་དང་ འགན་ཁུར་གནང་མི་ལས་ འགལ་བ་ཨིན་པས་ཟེར་ཞུ་ནི།
འགྲེམ་ཐོག་ཚོགས་རྒྱན་ཚུ་ གཡོ་བཅོས་འབད་བ་ཅིན་ རང་མོས་དང་ རྣམ་དག་གི་ ལོ་རྒྱུས་འཐོན་དགོཔ་མིན་འདུག་ཟེར་ཞུ་ནི།
འདི་འབདཝ་ལས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ གཡོ་བཅོས་ཐོག་ ལོག་སྤྱོད་འབད་བ་ཅིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ ཐབས་ལམ་ཅིག་བཏོན་ཏེ་ དབང་འཛིན་ག་གིས་འབད་རུང་ རང་སོའི་ལས་གཡོགཔ་དང་ བཟའ་ཚང་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ རང་གིས་ར་ ཐོབ་དབང་སྤྱོད་ཚུགསཔ་ བཟོ་ནི་གི་ ཐབས་ལམ་བཏོན་དགོཔ་ད་ གལ་སྲིད་ ཐབས་ལམ་བཏོན་མ་ཚུགས་པ་ཅིན་ ཤུལ་མའི་གཞུང་ ག་བཙག་འཐུ་འགྲུབ་རུང་ འགྲེམ་ཐོག་ཚོགས་རྒྱན་གྱི་ བཅའ་ཁྲིམས་དང་ ཁྲིམས་ཡིག་ཚུ་ བསྒྱུར་བཅོས་གནང་དགོ་ཟེར་ ཞུ་ནི་ཨིན།

ཀུན་ལེགས། ཐིམ་ཁྲོམ།

No comments:

Post a Comment