གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༨/༧/༢༠༡༣   འཕྲལ་གྱི་དོན་ལུ་མིན་པར་ ཕུགས་ཀྱི་མནོ་བསམ་གཏང་དགོཔ།
༉ འབྲུག་གི་སྤྱིར་བཏང་བཙག་འཐུ་རན་ནི་ལུ་ ཉིན་གྲངས་༦ ལས་བརྒལ་མེད་རུང་ ད་རེས་ནངས་པ་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་དགོ་ནིའི་དོན་ལུ་ དངུལ་ཀྲམ་དང་ རྒྱུ་དངོས་གཉིས་ཆ་རའི་ཐོག་ལས་ ནང་གསུག་སྤྲོད་ལེན་འབད་བའི་སྐོར་ ལོ་རྒྱུས་ཐདམ་ཐད་ཁ་ལས་ཕར་ གོཝ་མ་ཚད་ བརྡ་བརྒྱུད་ཚུ་ནང་ཡང་ ཐོན་དང་འཐོན་བཞིན་དུ་ཡོདཔ་ཨིན།



འདི་མ་ཚད་ སྲིད་དོན་ཚོགས་པ་༡ བཙག་འཐུ་ནང་ལས་ ངེས་པར་དུ་ རྒྱལ་ཚུགསཔ་འབད་ནིའི་དོན་ལུ་ དབང་ཤུགས་ཅན་དང་ རྒྱུ་སྟོབས་ཡོད་མི་ཚུ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཐབས་ལམ་སྣ་ཚོགས་ཀྱི་སྒོ་ལས་ རྒྱུད་བསྐུལ་འབད་བའི་ ལོ་རྒྱུས་ཚུ་ཡང་ འདྲ་མིན་སྣ་ཚོགས་གོཝ་མས།
སེམས་ཕམ་དང་ གཏམ་མ་ཧན་པའི་ ལོ་རྒྱུས་གོ་མི་ཅིག་ གཙུག་སྡེ་ལ་ལུ་ཅིག་གི་ འགོ་དཔོན་ཚུ་གིས་ ལས་བྱེདཔ་དང་ བཟའ་ཚང་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བང་བཙོང་སྟེ་ བཙུགས་བཅུག་པའི་ འཐོར་གཏམ་གོཝ་བཞིན་དུ་ འདི་བཟུམ་གྱི་ལཱ་བྱ་འཐབ་མི་འདི་ ངེས་བདེན་ཨིན་པ་ཅིན་ དབང་འཛིན་པ་ཚུ་གིས་ མི་ངོ་སོ་སོ་ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོ་གིས་གནང་མི་ དལ་དབང་དང་ ཐོབ་དབང་ཚུ་ལུ་ ཧམ་འཛུལ་འབད་བའི་ བརྡ་མཚོན་ཅིག་ སྟོནམ་ཨིན་མས།
འདི་བཟུམ་མའི་ ཐབས་ཤེས་ངན་པ་འདི་ ལག་ལེན་འཐབ་དགོ་པའི་ རྒྱུ་རྐྱེན་ག་ཅི་ཨིན་ན?
འདི་ཚུ་ག་ར་ ཕུགས་ཀྱི་དོན་ལུ་མིན་པར་ འཕྲལ་ལུ་ལྟ་སྟེ་འབད་བའི་ ལག་ལེན་ཨིན་པའི་ཁར་ རྒྱལ་ཁབ་ཀྱི་ མཐའ་དོན་དང་ སྲུང་སྐྱོབ་ལུ་མ་གུས་པའི་ རྟགས་མཚན་བཟུམ་ཅིག་ཡང་ཨིན་པའི་ མཐོང་སྣང་བྱུངམ་མས།
འབྲུག་པའི་མི་སེར་ཚུ་གིས་ ག་ཅི་ཐུགས་ཁར་བསྣམ་དགོཔ་སྨོ་ཟེར་བ་ཅིན་ ང་བཅས་རའི་ མ་འོངས་གནས་སྟངས་སྒྲིང་སྒྲིང་བཟོ་ནི་དང་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ བདེ་སྲུང་ རང་བཙན་ལུ་ ཐོ་མ་ཕོགཔ་སྦེ་ རྒྱལ་བ་གོངམ་ཚུ་གིས་ ཕ་བརྒྱུད་བུ་བརྒྱུད་སྦེ་ རྩིས་སྤྲོད་གནང་དོ་བཟུམ་ ང་བཅས་ཀྱིས་ཡང་ མ་འོངས་བུ་བརྒྱུད་ཚུ་ལུ་ རྩིས་སྤྲོད་ནི་ཡོདཔ་ཅིག་སྦེ་ མཛད་དགོཔ་འདི་གལ་ཆེ།
འདི་མ་ཚད་ སྤྱི་ལོ་༢༠༠༨ ལུ་ གཞུང་སྐྱོང་ནི་གི་ དབང་ཚད་འདི་ དམངས་གཙོའི་རིང་ལུགས་ཐོག་ལས་ མི་སེར་ཚུ་ལུ་ གནང་ཚར་ཡོདཔ་ལས་ མི་སར་ཚུ་གི་ ཁ་ཐུག་ལས་འབད་རུང་ རང་སོའི་ཐོབ་དབང་དང་ དལ་དབང་ཚུ་ ཚུལ་ལྡན་སྦེ་ བསྟར་སྤྱོད་འབད་ཐོག་ལས་ དམངས་གཙོའི་རིང་ལུགས་ མཐར་འཁྱོལ་ཚུགསཔ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ།
འདི་གི་དོན་ལུ་ རང་གི་ལག་པར་ཡོད་མི་ ནོརབུ་རིན་པོ་ཆེ་ཚུལ་མཐུན་སྦེ་ སྤྱོད་པ་ཅིན་ རྒྱལ་ཁབ་དང་ མི་སེར་ལུ་ འཕྲལ་ཕུགས་གཉིས་ཆ་ར་ལུ་ཕན་པའི་ གཞུང་སྐྱོང་བཙག་འཐུ་འགྲུབ་ཚུགས། གལ་སྲིད་ སྲིད་དོན་པ་ཚུ་གིས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ ནང་གསུག་རྐྱབ་ནི་དང་ རྒྱུ་དངོས་བྱིན་པ་ཅིན་ ཚོགས་རྒྱན་ཉོ་དོ་བཟུམ་ཅིག་ཨིནམ་ལས་ འཕྲལ་གྱི་དོན་ལུ་མ་གཏོགས་ ཕུགས་ལུ་ག་ལུ་ཡང་ ཕན་ཐོགས་མི་ཚུགས་ནི་ཨིནམ་ ཧ་གོ་དགོཔ་འདི་གལ་ཆེ།
སྲིད་དོན་པ་ཚུ་ མི་སེར་གྱི་ ཞབས་ཏོག་དང་ ཕྱག་ཞུ་མི་ཨིནམ་ལས་ བསམ་པ་སེམས་བསྐྱེད་བཟང་པོ་དགོཔ་ཨིན། གལ་སྲིད་ ཏི་རུ་སྤྲོད་དེ་ ཚོགས་རྒྱན་ཉོ་བ་ཅིན་ དེ་གི་ དམིགས་དོན་ག་ཅི་ཨིན་ན་ ཕུགས་ལུ་ག་ཅི་བཟུམ་འོང་ག་ བསམ་ཞིབ་འབད་དགོ།
ད་རིས་ཀྱི་ བཙག་འཐུ་འདི་ གནད་འགག་ཅན་གྱི་ ལམ་ཕྱོགས་ནང་ ལྷོད་ཡོདཔ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་གི་ ཁ་ཐུག་ལས་འབད་རུང་ རང་གི་ལག་པར་ཡོད་མི་ ཚོགས་རྒྱན་གྱི་ དལ་དབང་འདི་ བར་སྟོང་མ་བཏང་པར་ འོས་འབབ་ཅན་གྱི་ དབུ་ཁྲིད་དང་ འདེམས་ངོ་ཚུ་ལུ་ བཙུགས་ཐོག་ལས་ བློ་འགྱོད་བསྐྱེད་ནི་མེདཔ་ཅིག་འབད་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment