གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷོ་བཀྲིས་སྒང་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་བཟུམ་ཡོདཔ།

༩/༧/༢༠༡༣   ༉ བཀྲིས་སྒང་རྫོང་ཁག་གི་ མི་སེར་མང་ཤོས་ར་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཨིན་རུང་ ཁྲིམས་ཤིང་རྐང་པར་དང་ ཝམ་རོང་འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་བཟུམ་ཅིག་ མཐོངམ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ ཁྲིམས་ཤིང་ལུ་ བསྐུལ་བསྒྲགས་འབད་བའི་བསྒང་།


འགོ་ཐོག་བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་བགྲེསཔ་ རྡོ་རྗེ་ཆོས་སྒྲོན་ལས་ རྒྱལ་ཁ་ཐོབ་མ་ཚུགསཔ་བཞིན་དུ་ མོ་གིས་ སྤྱིར་བཏང་བཙག་འཐུ་ནང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ དོ་འགྲན་འབད་དོ་ཡོདཔ་ཨིན་པས།
རྡོ་རྗེ་ཆོས་སྒྲོན་གྱིས་ མོ་ལུ་རྒྱབ་སྐྱོར་འབད་མི་ཚུ་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དགོཔ་སྦེ་ སླབ་ཡོད་པའི་ཤུལ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ མོ་གི་འདེམས་ཁོངས་ནང་ལས་ རྒྱལ་ཁ་འཐོབ་ནིའི་གོ་སྐབས་ ཉུང་སུ་ཅིག་ལས་མེདཔ་ཨིན་པས།
གཙང་པོ་ལས་ ཕོ་སྐྱེས་རྒས་ཤོས་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ འགོ་ཐོག་བཙག་འཐུའི་སྐབས་ལུ་ རྡོ་རྗེ་ཆོས་སྒྲོན་ལུ་ ཚོགས་རྒྱན་བྱིན་མི་དེ་ མོ་ར་ འདེམས་ངོ་ལེགས་ཤོམ་ཅིག་ ཡོད་ནི་དེ་གིས་ཨིན་ཟེར་ཨིནམ་ད་ སྤྱིར་བཏང་བཙག་འཐུའི་དོན་ལས་འབད་རུང་ མོ་ར་ ཚོགས་པ་ག་ནང་འཛུལ་རུང་ ཚོགས་རྒྱན་དེ་ མོ་ར་ལུ་ར་ བཙུགས་ནི་ཟེར་ཨིན་པས།
ཨིན་རུང་ མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ འགོ་ཐོག་བཙག་འཐུ་ནང་ མོ་གིས་ རྒྱལ་ཁ་ཐོབ་མི་དེ་ མོ་ར་ཚོགས་པའི་གཙོ་འཛིན་ཅིག་འབད་ནི་དེ་གིས་ཨིན་རུང་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ དེ་སྦེ་མི་འཐོབ་དོ་འོང་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཁྲིམས་ཤིང་གི་ སྤྱི་ཚོགས་ཀྱི་འཐུས་མི་བགྲེསཔ་ཅིག་ཨིན་མི་ ཆོས་སྐྱིད་དབང་མོ་གིས་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་༨༠༩ ཐོབ་ཡོདཔ་ད་ རྡོ་རྗེ་ཆོས་སྒྲོན་གྱིས་ ཚོགས་རྒྱན་༢༠༣༨ ཐོབ་ཡོདཔ་ཨིན་པས།
མ་གཞི་ འགོ་ཐོག་བཙག་འཐུ་གི་སྐབས་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༣༦༢ ལས་མ་ཐོབ་ཨིན་རུང་ རྡོ་རྗེ་ཆོས་སྒྲོན་གྱིས་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་མི་དེ་གིས་ དྲག་དོ་འོང་ཟེར་ཨིན་པས།
གཙང་པོ་གཡུས་ཚན་གྱིས་ འབྲུག་མཉམ་རུབ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གཉིས་ལུ་ ཚོགས་རྒྱན་བྱིན་དགོ་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ གཙང་པོ་གི་སློབ་གྲྭ་ ཁྲིམས་ཤིང་ལུ་ སྤོ་བཤུད་འབད་ནི་ལས་ བཀག་ནི་གི་ ཁས་བླངས་འབད་མི་དང་འཁྲིལ་ མ་འབད་ནི་དེ་གིས་ཨིན་ཟེར་ཨིན་པས།
གཙང་པོ་ལས་ ཕུན་ཚོགས་དབང་འདུས་ཀྱིས་འབད་བ་ཅིན་ མི་སེར་ཚུ་གིས་ སྤྱི་ཚོགས་ཀྱི་ངོ་ཚབ་ གསརཔ་དགོ་མི་ལུ་བརྟེན་ཏེ་ཨིན་ཟེར་ཨིན་པས།
གཙང་པོ་ལས་ ཁྱད་ཚད་དང་ལྡན་པའི་ཚོགས་རྒྱན་སྐྱུར་མི་ གྲུབ་ཐོབ་བཟང་མོ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཚུ་གིས་ ལེགས་ཤོམ་འབད་ཡོདཔ་ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཚུ་གིས་ དེ་བ་དྲགཔ་སྦེ་ འབད་འོང་ག་སླབ་མ་ཤེསཔ་ལས་ འགྱུར་བ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
ཝམ་རོང་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ལྷ་ཀྲུ་གིས་ མི་སེར་དམངས་གཙོ་ཚོགས་པའི་ ཀརྨ་བསྟན་འཛིན་ལས་ འགོ་ཐོག་བཙག་འཐུ་ནང་ རྒྱལ་ཁ་ཐོབ་ཡོདཔ་ཨིན་རུང་ ཚོགས་རྒྱན་གྱི་ ཁྱད་པར་གནམ་མེད་ས་མེད་ཅིག་མེདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༡༦༩༨ ཐོབ་ཡོདཔ་བཞིན་དུ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༡༡༠༢ ལས་མ་ཐོབ་ནི་དེ་གིས་ ཕམ་སོཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ འབྲུག་མཉམ་རུབ་ཚོགས་པའི་ཚོགས་རྒྱན་༥༣༣ དང་ འབྲུག་སྤྱིར་དབང་ཚོགས་པའི་ཚོགས་རྒྱན་༡༨༢ དེ་ གལ་སྲིད་ འཐོབ་ཚུགས་པ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་འཐོབ་ཚུགས་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment