གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབྱར་རྩྭ་དགུན་འབུབ་འཐུ་མི་ཚུ་གིས་ ཚོགས་རྒྱན་བཙུགས་ཚུགས་ནི་ཨིནམ།

༡༡/༧/༢༠༡༣   ༉ དུས་ཅི་ མགར་ས་རྫོང་ཁག་ལས་ དབྱར་རྩྭ་དགུན་འབུབ་འཐུ་བར་འགྱོ་མི་ཚུ་ ལོག་རང་སོའི་གཡུས་ཁར་ ལྷོད་ཡོདཔ་ལས་ སྤྱིར་བཏང་བཙག་འཐུའི་ནང་ བཅའ་མར་གཏོགས་ཚུགས་ནི་ཨིན་པས།
ལ་ཡ་རྒེད་འོག་ལས་ འབུབ་འཐུ་བར་འགྱོ་མི་༣༩༦ ག་ར་ སྤྱི་ཟླ་༧ པའི་ཚེས་༤ ལུ་ ལོག་ལྷོད་ཡོདཔ་ད་ དེ་ཡང་ ཁོང་གིས་ འབུབ་འཐུ་ཆོག་པའི་ ཆོག་ཐམ་གྱི་གནས་ཡུན་ ཟླཝ་༡ ཐོབ་མི་དེ་ རྫོགས་སོ་ནི་དེ་གིས་ཨིན་པས།

དབྱར་རྩྭ་དགུན་འབུབ་འཐུ་སའི་ས་ཁོངས་ ཤིང་ཆེན་ལ་ལུ་ ཚོགས་རྒྱན་གྱི་ ངོས་འཛིན་འདྲ་པར་ཚུ་ བགོ་བཀྲམ་འབད་བའི་བསྒང་།


ལ་ཡ་རྒཔོ་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ མི་སེར་ཚུ་ རི་ཁ་ལུ་ ནོར་འཚོ་སྡོད་ནི་མ་གཏོགས་ གཞན་ལཱ་ག་ཅི་ཡང་མེད་ཟེར་ཨིནམ་ད་ ལ་ཡཔ་ཚུ་གིས་ དབྱར་རྩྭ་དགུན་འབུབ་ཚུ་ ཤིང་ཆེན་ལ་ཟེར་མི་ གངས་རི་ལས་ འཐུ་དོ་ཡོདཔ་ད་ གངས་རི་དེ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༤,༨༠༠ དེ་ཅིག་གི་ ས་ཁར་ཨིན་པས།
ལ་ཡ་ལས་ འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ དུས་ཅི་ འབུབ་ཀྱི་ཐོན་ཤུགས་དེ་ ལེགས་ཤོམ་འདུག་ཟེར་ཨིནམ་ད་ དེ་ཡང་ ན་ཧིང་ཁོ་གིས་ འབུབ་གྱངས་ཁ་༦༠༠ ལས་བརྒལ་མ་ཐོབ་རུང་ དུས་ཅི་ ཀེ་ཇི་ཕྱེད་དེ་ཅིག་ ཐོབ་ཡོདཔ་ལས་ འོང་འབབ་དངུལ་ཀྲམ་འབུམ་༣ དེ་ཅིག་ འཐོབ་པའི་རེ་བ་ཡོད་ཟེར་ཨིན་པས།
དེ་ལས་ ལུང་ནག་ནང་ལས་ འབུབ་འཐུ་བར་འགྱོ་མི་༡༨༦ ལས་ བརྒྱ་ཆ་༩༦ དེ་ཅིག་ ལོག་གཡུས་ཁར་ལྷོད་ཡོདཔ་ད་ རྒེད་འོག་བདག་སྐྱོང་ ཤེས་རབ་ཆོས་འཕེལ་གྱིས་ སླབ་མིའི་ནང་ འབུབ་འཐུ་མི་ཚུ་ དུས་ཚོད་ཁར་ ལོག་མ་ལྷོད་པ་ཅིན་ ཉེས་ཆད་བཀལ་ནི་ཨིན་ཟེར་ཨིན་པས།
ཁ་སྟོད་དང་ ཁ་སྨད་རྒེད་འོག་ལས་ མི་༦༣ འགྱོ་མི་དེ་ དུས་ཅི་འབདཝ་ད་ ཐེངས་༢ པ་ཨིནམ་ད་ ས་གནས་ཀྱི་མི་ཚུ་ལུ་ འབུབ་འཐུ་ནིའི་ ཉམས་མྱོང་མེདཔ་ལས་ ལ་ཡཔ་དང་ ལུང་ནག་ནང་གི་ མི་ཚུ་བཟུམ་སྦེ་ འཐུ་མི་ཚུགས་པས་ཟེར་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འབུབ་འཐུ་ནིའི་དུས་ཚོད་དེ་ སྤྱི་ཟླ་༥ པ་ལས་ སྤྱི་ཟླ་༧ པ་ཚུན་ཨིནམ་ད་ དེ་གི་ཤུལ་ལས་ འབུབ་ཚུ་རུལ་འགྱོ་དོ་ཡོདཔ་ཨིན་པས།
ས་ཁ་མཐོ་སའི་མི་ཚུ་གིས་ གསང་བའི་ཚོགས་རྒྱན་ནང་ སེམས་ཤུགས་བསྐྱེད་བཅུག་ནིའི་དོན་ལུ་ རྫོང་ཁག་བཙག་འཐུའི་ འགོ་དཔོན་ཚུ་གིས་ ལ་ཡ་དང་ ལུང་ནག་ནང་ལུ་སོང་སྟེ་ ངོས་འཛིན་འདྲ་པར་ཚུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
རྫོང་ཁག་བཙག་འཐུ་ ཐོ་བཀོད་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ཁོ་གི་སྡེ་ཚན་དེ་གིས་ ལ་ཁར་སོང་སྟེ་ དབྱར་རྩྭ་དགུན་འབུབ་འཐུ་མི་ཚུ་ལུ་ ངོས་འཛིན་འདྲ་པར་ཚུ་ བགོ་བཀྲམ་འབད་ཡི་ཟེར་ ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment