གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་མང་ཤོས་ དྲག་ཁག་གསུམ་གྱི་ཨིནམ།

༡༡/༧/༢༠༡༣   བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་ཚངམ་སྦེ་ལྷོད་ནུག།
 ༉ ཁ་ཙ་ཚུན་ཚོད་ བཀྲིས་སྒང་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་༦,༤༠༨ དེ་ཅིག་ ལྷོད་ཡོདཔ་བཞིན་དུ་ ལྷག་ལུས་༧༦༠ ལྷགཔ་ཅིག་ ཉིནམ་༢ ཀྱི་ ནང་འཁོད་ལུ་ ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་ ངོས་ལེན་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།


བཀྲིས་སྒང་རྫོང་ཁག་གི་ འདེམས་ཁོངས་༥ ནང་ ཐོ་བཀོད་གྲུབ་པའི་ མི་ངོ་བསྡོམས་༧,༡༧༡ ལུ་ འགྲེམ་ཐོག་ཚོགས་རྒྱན་བསྐྱལ་ཡོད་མི་ལས་ བརྒྱ་ཆ་༧༠ དེ་ཅིག་ དྲག་ཁག་གསུམ་གྱི་ དམག་མི་དང་ ཁོང་རའི་ བཟའ་ཟླ་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་ཨིན་པས།
ངོས་ལེན་འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་ཚུན་གྱི་བར་ན་ འགྲེམ་ཐོག་ཚོགས་རྒྱན་ལྷོད་མི་ཚུ་གི་གྲས་ལས་༤,༠༠༠ ལྷགཔ་ཅིག་ དྲག་ཁང་གསུམ་གྱི་ དམག་མི་དང་ བཟའ་ཟླ་ཚུ་གི་ ཨིནམ་འོང་ཟེར་ཨིནམ་ད་ ར་ལྡི་-སག་སྟེང་འདེམས་ཁོངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༣༠༡ བསྐྱལ་མི་ལས་༡,༡༠༠ དེ་ཅིག་ དམག་སྡེ་ཚུ་གི་ཨིན་ཟེར་ ངོས་ལེན་འགོ་དཔོན་ པདྨ་ཚེ་དབང་གིས་ སླབ་ཨིན་པས།
འདེམས་ཁོངས་ཚུ་གི་གྲས་ལས་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་ འགྲེམ་ཐོག་ཚོགས་རྒྱན་༡,༥༨༧ ག་ར་ཚངམ་སྦེ་ ལྷོད་ཡོད་མི་གིས་མ་ཚད་པར་ ཐེབས་༣ ལྷོད་དེ་ཡོདཔ་ཨིན་པས།
བཀང་ལུང་-བསམ་མཁར་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ དབང་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་ཐེབས་ལྷོད་མི་ཚུ་ འགྲེམ་ཁང་ལས་ ཐོ་བཀོད་འབདཝ་ད་ འཛོལ་སོཔ་ཨིན་ན་ ཡང་ཅིན་ མི་ངོ་ཚུ་གིས་ ཁ་བྱང་འཛོལ་ཏེ་ བསྐྱལ་ཡོདཔ་ཨིན་ན་ བརྟག་ཞིབ་འབད་དགོཔ་ཡོད་ཟེར་ཨིན་པས།
ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་གསུམ་ ངང་ལམ་དང་ བསམ་རྩེ་ མོང་སྒར་ལུ་ མི་རྩིས་ཐོ་བཀོད་ཡོད་མི་ཚུ་གི་ཨིནམ་ལས་ དེ་ཚུ་ འབྲེལ་ཡོད་འདེམས་ཁོངས་ནང་ ལོག་བསྐྱལ་འོང་ཟེར་ དབང་རྒྱལ་རྡོ་རྗེ་གིས་ བཤད་པ་ཨིན་པས།
འདེམས་ཁོངས་དེ་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༥༨༧ བསྐྱལ་ཡོདཔ་ད་ ཕྱིའི་རྒྱལ་ཁབ་ལུ་སྡོད་མི་ འབྲུག་མི་ཚུ་གི་གྲས་ལས་ ཨེ་མི་རི་ཀ་ལས་ འགྲེམ་ཐོག་ཚོགས་རྒྱན་༧ དང་ རྒྱལ་ཁབ་གཞན་ཚུ་ནང་ལས་༡༦ ལྷོད་ཡོདཔ་ད་ དེ་ཡང་ རྒྱ་གར་ལུ་ དཔེ་ཆ་ལྷབ་མི་ འབྲུག་མི་༥ དང་ ཨཱསི་ཊེ་ལི་ཡ་ལས་༣ ཤཱྲི་ལངྐ་ལས་༢ བང་ལ་དེཤ་ལས་༡ ལྷོད་ཡོདཔ་ཨིན་པས།
འདེམས་ཁོངས་དེ་གི་ཤུལ་ལས་ར་ བར་མཚམས་-གཤོང་ཕུག་འདེམས་ཁོངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༦༢༡ ངོས་ལེན་འབད་དེ་ ལོག་བསྐྱལ་མི་ལས་ ཁ་ཙ་ཚུན་ཚོད་ ཨེ་མི་རི་ཀ་ལས་ འགྲེམ་ཐོག་ཚོགས་རྒྱན་༡ རྩིས་ཏེ་ ཚོགས་རྒྱན་བསྡོམས་༡,༥༡༤ ལྷོད་ཡོདཔ་ད་ འདེམས་ཁོངས་དེ་གི་དོན་ལུ་ མི་ངོ་༡,༦༧༡ གིས་ འགྲེམ་ཐོག་ཚོགས་རྒྱན་བཏང་ཡོད་མི་ལས་༥༣ ཆ་མེད་ཡར་སོཔ་ཨིན་པས།
འདེམས་ཁོངས་དེ་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་བརྒྱ་ཆ་༤༠ དེ་ཅིག་ དྲག་ཁག་གསུམ་གྱི་ དམག་མི་དང་ བཟའ་ཟླ་ཚུ་འོང་ཟེར་ ངོས་ལེན་འགོ་དཔོན་གྱིས་ སླབ་ཨིན་པས།
ཁྲིམས་ཤིང་འདེམས་ཁོངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༤༤༥ བསྐྱལ་ཡོད་མི་ལས་༡,༣༦༥ དེ་ཅིག་ ལྷོད་ཡོདཔ་ད་ འདེམས་ཁོངས་དེ་ནང་ཡང་ འགྲེམ་ཐོག་ཚོགས་རྒྱན་༧༠༠ དང་༨༠༠ འི་བར་ན་ དྲག་ཁག་གསུམ་གྱི་ དམག་མི་དང་ བཟའ་ཟླ་ཚུ་གིས་ བསྐྱལ་ཡོདཔ་ཨིན་པས།
ཝམ་རོང་འདེམས་ཁོངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༡༢༩ ཐོབ་ཡོདཔ་ལས་ ལྷག་ལུས་༢༦༠ དེ་ སྤྱི་ཟླ་༧ པའི་ཚེས་༡༢ ཀྱི་ ཕྱི་རུའི་ཆུ་ཚོད་༥ འི་ནང་འཁོད་ལུ་ ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་ ངོས་ལེན་འགོ་དཔོན་ བསྟན་འཛིན་རྡོ་རྗེ་གིས་ སླབ་ཨིན་པས།
དེ་ལས་ ར་ལྡི་-སག་སྟེང་འདེམས་ཁོངས་ནང་ ཁ་ཙ་ཚུན་ཚོད་ འགྲེམ་ཐོག་ཚོགས་རྒྱན་༨༠༠ ལྷགཔ་ཅིག་ ལྷོད་མི་དེ་ འདེམས་ཁོངས་གཞན་༤ དང་ཕྱདཔ་ད་ དམའ་ཤོས་ཨིནམ་ད་ འགྲེམ་ཐོག་ཚོགས་རྒྱན་༡,༣༠༡ ཐོབ་ཡོད་མི་ལས་༡༧༠ ཆ་མེད་བཏང་ཐོག་ འགྲེམ་ཐོག་ཚོགས་རྒྱན་༡,༡༣༡ ངོས་ལེན་འབད་དེ་ ལོག་བསྐྱལ་ཡི་ཟེར་ ངོས་ལེན་འགོ་དཔོན་གྱིས་ བཤད་ཡོདཔ་ད་ འདེམས་ཁོངས་དེ་གིས་ འབྲུག་མི་རྒྱལ་ཁབ་ཀྱི་ཕྱི་ཁར་ དཔེར་ན་ ཇེ་ནི་བཱ་དང་ ཤྲཱི་ལངཀ་ བང་ལ་དེཤ་ རྒྱ་གར་ཚུ་ནང་ དཔེ་ཆ་ལྷབ་མི་ཚུ་ལས་ འགྲེམ་ཐོག་ཚོགས་རྒྱན་༨ ཐོབ་ཡོདཔ་ཨིན་པས།
འགོ་ཐོག་བཙག་འཐུའི་སྐབས་ བཀྲིས་སྒང་རྫོང་ཁག་ནང་ ཆ་གནས་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་༥,༦༧༢ བཙུགས་མི་དང་ཕྱདཔ་ད་ སྤྱིར་བཏང་བཙག་འཐུའི་ནང་༡,༠༠༠ ལྷགཔ་ཅིག་ མངམ་འཐོན་ནི་ཨིན་པས།
བཀྲིས་སྒང་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོ་བཀོད་འབད་མི་དེ་ མཐོ་ཤོས་ཨིནམ་ད་ གཙུག་སྡེ་ལ་ལུ་ཅིག་ནང་ འགོ་དཔོན་ཚུ་གིས་ མི་ངོ་སོ་སོ་ལུ་ ཁ་བཀོད་བྱིན་ཏེ་ སྲིད་དོན་ཚོགས་པ་ཅིག་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོད་པའི་ ཁ་ཉེས་བཀལ་མི་ཚུ་ ངེས་བདེན་ཨིནམ་ ཐོན་སོ་པ་ཅིན་ བཀྲིས་སྒང་རྫོང་ཁག་ནང་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཚུ་ བཙག་འཐུ་ལས་ རྒྱལ་ཁ་འཐོབ་ནི་ལུ་ ལཱ་ཁག་མཚམས་འོང་ནི་ཨིན་པའི་གནས་ཚུལ།

བཀྲིས་སྒང་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment