གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༢ ལས་ དབྱེ་བ་ ཕྱེ་དགོཔ་གལ་ཅན།

༢/༧/༢༠༡༣   ༉ ད་ལྟོའི་གནས་སྟངས་ནང་བཟུམ་ཅིག་འབད་བ་ཅིན་ རྒྱལ་ཁབ་ནང་ སྲིད་ཚོགས་༢ ཡོད་མིའི་སྐོར་ལས་ མི་སེར་ཚུ་གིས་ ལེགས་ཤོམ་སྦེ་ར་ ཧ་གོ་དགོཔ་ཡོདཔ་མ་ཚད་ མི་སེར་ཚུ་ལུ་ རང་བཞིན་གྱི་ ཡོན་ཏན་ཡོད་ནི་དེ་གིས་ ཧ་གོ་སྟེ་ དབྱེ་བ་ཕྱེ་ཚུགས་ཟེར་ཨིན་པས། 


སྲིད་ཚོགས་གཅིག་གིས་ གཞུང་སྐྱོང་ནི་ལུ་ སེམས་ཀྱི་གཏིང་ལས་ར་ དད་དམ་མོས་གུས་བསྐྱེད་དེ་ རྒྱལ་ཁབ་དང་ གཞུང་ དེ་ལས་ མི་སེར་ལུ་ ཕྱག་ག་དེ་དྲག་དྲག་ཞུ་ནིའི་ གོ་སྐབས་ཅིག་སྦེ་ བརྩི་འཇོག་འབད་དོ་ཡོདཔ་ཨིན་རུང་ སྲིད་ཚོགས་གཞན་མི་གིས་ གོ་སྐབས་དེ་ དབང་ཚད་དང་ རྒྱུ་ནོར་བཟོ་ནིའི་ གོ་སྐབས་བཟུམ་ཅིག་སྦེ་ རྩིསཝ་ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ ཁ་ཙ་ མོང་སྒར་སྐྱིད་བདེ་མཁར་ འབྲིང་རིམ་སློབ་གྲྭ་བར་མའི་ སྤྱི་དོན་ཁང་ནང་སྦེ་ བསྐུལ་བསྒྲགས་འབད་བའི་སྐབས་ སླབ་ཡོདཔ་ཨིན་པས།
གཙོ་འཛིན་གྱིས་ སླབ་མིའི་ནང་ སྲིད་ཚོགས་༢ ཀྱི་གྲས་ལས་ དབྱེ་བ་ལེགས་ཤོམ་སྦེ་ ཕྱེ་བཞིནམ་ལས་ ཁོང་གིས་ ག་ཅི་ར་སླབ་དོ་ཡོདཔ་ཨིན་ན་ཚུ་ལུ་ ཉན་པ་ཅིན་ སྲིད་ཚོགས་ལེགས་ཤོམ་དེ་ ག་ཨིན་ན་དང་ ཟོགཔ་ག་ཨིན་ན་ འཇམ་ཏོང་ཏོང་སྦེ་ ཧ་གོ་ཚུགས་ཟེར་ཨིན་པས།
སྲིད་ཚོགས་ཚུ་གིས་ ག་ཅི་ར་ སླབ་དོ་ཡོདཔ་ཨིན་ན་ཚུ་ལུ་ ཉན་པའི་སྐབས་ སྲིད་ཚོགས་༢ ཆ་ར་ རིགས་དང་པའི་ནང་ཚུད་པ་ཅིན་ གནམ་མེད་ས་མེད་ལེགས་ཤོམ་ཨིནམ་ད་ སྲིད་ཚོགས་གཅིག་རིགས་དང་པ་དང་ གཅིག་རིགས་༢ པ་འབད་བ་ཅིན་ གདམ་ཁ་རྐྱབ་དགོཔ་ཡོད་ཟེར་ཨིན་པས།
གཙོ་འཛིན་འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ སྲིད་ཚོགས་༢ ཆ་ར་ སྲིད་ཚོགས་ཀྱི་རིགས་༢ པའི་ནང་འབད་བ་ཅིན་ དེ་ལུ་ ཁྱེད་མི་སེར་གྱི་ཁ་ཐུག་ལས་ འབད་ཐབས་ག་ཅི་ཡང་ མེད་ཟེར་སླབ་ཅི།
མི་སེར་ཚུ་ལུ་ གསལ་བཤད་འབད་མིའི་ནང་ སྲིད་ཚོགས་ཀྱི་རིགས་དང་པ་དེ་གིས་ བསྟན་པ་དང་ རྒྱལ་བརྒྱུད་ དེ་ལས་ མི་སེར་ལུ་ ཕྱག་ག་དེ་སྦེ་ ཞུ་ནི་ཨིན་ན་ཚུ་གི་སྐོར་ལས་ སླབ་ནི་ཨིནམ་ད་ རིགས་༢ པ་དེ་གིས་ སྲིད་ཚོགས་གཞན་གྱི་སྐོར་ལས་ ཁ་བཏང་ མ་བདེན་པའི་ ལོ་རྒྱུས་ཚུ་སླབ་ མི་སེར་ཚུ་ གནས་སྐབས་སྐྱིད་ཏོང་ཏོ་སྦེ་ བཞག་ནིའི་མནོ་བསམ་བཏང་ མི་སེར་གཅིག་དང་གཅིག་གི་བར་ན་ བྱ་སྟབས་མ་བདེཝ་ཚུ་ བཟོ་དོ་ཡོདཔ་ལས་ དེ་སྦེ་འབད་མི་སྲིད་ཚོགས་དེ་ ག་ཨིན་ན་ ཁྱེད་མི་སེར་ཚུ་གིས་ ཤེས་དགོ་ཟེར་སླབ་ཅི།
བློན་ཆེན་བགྲེསཔ་གིས་འབད་བ་ཅིན་ འདས་པའི་ལོ་༥ འི་རིང་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་བའི་ཉམས་མྱོང་དང་འཁྲིལ་ མི་སེར་ཚུ་གིས་ སྲིད་ཚོགས་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཤེས་ནི་ཨིནམ་ལས་ གཞན་འབད་བ་ཅིན་ སྲིད་ཚོགས་ཀྱི་སྐོར་ལས་ ལོག་སྟེ་ར་ སླབ་དགོཔ་ཅིག་མེད་རུང་ མི་ལུ་ དུས་ཚོད་དང་འཁྲིལ་ བརྗེད་ནིའི་རང་བཞིན་ཅིག་ཡོདཔ་ལས་ དྲན་གསོ་འབདཝ་ཨིན་ཟེར་སླབ་ཅི།
དེ་ལས་ གཙོ་འཛིན་གྱིས་ མོང་སྒར་ འབྲས་སྤོངས་ བུམ་པ་ཟོར་ སློབ་གྲྭ་ཆུང་བའི་ནང་སྦེ་ བསྐུལ་བསྒྲགས་འབད་བའི་སྐབས་ གཡུས་མི་ཅིག་གིས་ གཡུས་ཚན་ནང་ ཆུ་ལངམ་མེད་པའི་ དཀའ་ངལ་དང་འབྲེལ་ ཆུ་དུང་པ་ཡེབ་མ་ལང་མི་ལུ་བརྟེན་ མི་སེར་ཁོང་ར་ལས་ ཏི་རུ་བསྡུ་སྟེ་ ཉོ་དགོཔ་ཐོན་ཡོད་པའི་སྐོར་ལས་ སླབ་པའི་སྐབས་ གཙོ་འཛིན་གྱིས་ དེ་ལུ་བལྟ་སྟེ་ སེམས་ཕམ་ཡོད་ལུགས་ཀྱི་སྐོར་ལས་ཡང་ སླབ་ཡོདཔ་ད་ འཕྲལ་མགྱོགས་ར་ ཧེ་མ་ མི་སེར་ཚུ་ལས་ བསྡུ་མི་ཏི་རུ་ཚུ་ ལོག་འཐོབ་ནི་ཡོདཔ་ བཟོ་ནི་ཨིན་ཟེར་ སླབ་ཡོད་པའི་གནས་ཚུལ། 

མོང་སྒར་ལས་ ཉི་མ་དབང་འདུས།

No comments:

Post a Comment