གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟླཝ་༡ ནང་ རོ་ཁྱི་བསྡོམས་༤༠༠༠ དེ་ཅིག་ གཤག་བཅོས་དང་ སྨན་ཁབ་བཙུགས་ནིའི་འཆར་གཞི།

༢/༧/༢༠༡༣   ༉ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ གསར་སྦིས་ཐང་ལུ་ཡོད་མི་ རྒྱལ་ཡོངས་སྒོ་ནོར་གསོ་བའི་ལྟེ་བ་གིས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ རོ་ཁྱི་གཤག་བཅོས་ཀྱི་ལས་རིམ་དེ་ ཁ་ཙ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་  ཉིནམ་༡ ནང་ར་ ཐིམ་ཕུ་ནང་འཁོད་ཀྱི་ རོ་ཁྱི་༦༧ གཤག་བཅོས་འབདཝ་མ་ཚད་ སྨན་ཁབ་བཙུགས་ཡོདཔ་ཨིན་པས།
གཤག་བཅོས་འབད་ནིའི་དོན་ལུ་ བཟུང་ཡོད་མི་རོ་ཁྱི་ཚུ།


རྒྱལ་ཡོངས་སྒོ་ནོར་གསོ་བའི་ལྟེ་བའི་ ཌོག་ཊར་ ཧི་རུ་ཀ་ མ་ཧཱཏ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁ་ཙ་ ལས་རིམ་འགོ་བཙུགསཔ་ཅིག་འབད་ནི་དེ་གིས་ དྲོ་པའི་ཆུ་ཚོད་༦ ལས་འགོ་བཙུགས་ཏེ་ ཕྱི་རུ་ཆུ་ཚོད་༣ དེ་ཅིག་གི་ ནང་འཁོད་ལུ་ རོ་ཁྱི་བསྡོམས་༦༧ ལུ་ གཤག་བཅོས་དང་སྨན་ཁབ་ཚུ་ བཙུགས་ཅི་ཟེར་ཨིནམ་ད་ དེ་ཡང་ རོ་ཁྱི་མོ་༣༡ དང་ཕོ་༣༦ དེ་ལས་ ཕྱུག་གུ་ཚུ་ཡང་ཡོདཔ་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་ གཙོ་བོ་ར་ རོ་ཁྱི་ཚུ་ གྱངས་ཁ་ཉུང་སུ་སྦེ་ གཟུགས་ཁམས་སྒྲིང་སྒྲིང་བཞག་ནི་ཨིནམ་ད་ མི་སྡེ་ནང་ ཉེན་སྲུང་ཅན་བཟོ་ནིའི་དོན་ལུ་ ལས་རིམ་དེ་ སྤྱི་ལོ་༢༠༠༩ ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཌོག་ཊར་ ཧི་རུ་ཀ་ མ་ཧཱཏ་གིས་ ལས་རིམ་དེ་ནང་ གཤག་བཅོས་འབད་མི་དང་ སྨན་ཁབ་བཙུགས་མི་ རོ་ཁྱི་ཚུ་ ངོས་འཛིན་འབད་ནི་གི་དོན་ལུ་ རྣམ་ཅོག་གུ་ རྟགས་བཀལ་བཞག་དོ་ཟེར་ཨིནམ་ད་ གཤག་བཅོས་འབད་ཚར་མི་ཚུ་ ཕྱི་རུ་ཁམས་ལས་ རང་སོའི་ས་ཁོངས་ཚུ་ནང་ ལོག་སྟེ་ འབག་སྐྱེལ་བཞག་དོ་ཡོདཔ་ཨིན་པས།
ལས་རིམ་དེ་དང་འབྲེལ་ རོ་ཁྱི་བཟུང་མི་ཚུ་ལུ་ ནད་གཞི་ཡོད་པའི་ ངོས་འཛིན་འབྱུང་པ་ཅིན་ སྨན་ཁབ་གཞན་ཡང་ བཙུགས་བྱིན་དོ་ཡོདཔ་ཨིན་པས།
ལས་རིམ་དེ་ནང་ རོ་ཁྱི་མོ་ཚུ་ལུ་ ཕྱུག་གུ་མི་ཆགས་ནི་དང་ འདོད་སྤྱོད་འབད་མི་བཅུག་ནིའི་དོན་ལུ་ བུ་ཚང་དང་ སྒོང་སྣོད་ཚུ་ བཏོན་བཏང་དོ་ཟོར་ཨིནམ་ད་ དེ་བཟུམ་སྦེ་ ཕོ་ཁྱི་ཚུ་ཡང་ ལུས་འབྲེལ་འབད་ནི་ལུ་ སྤྲོ་བ་མེདཔ་བཟོ་ཐབས་ལུ་ ལྷིགཔ་རྡོག་བཏོན་བཏང་དོ་ཡོདཔ་ཨིན་པས།
ཌོག་ཊར་ ཧི་རུ་ཀ་ མ་ཧཱཏ་གིས་འབད་བ་ཅིན་ དེ་ཚུ་བཏོན་གཏང་པ་ཅིན་ རོ་ཁྱི་གཅིག་གིས་གཅིག་ལུ་ འདོད་སྤྱོད་འབད་ནི་མེདཔ་ལས་ འཐབ་འཛིང་མི་འབྱུང་བའི་ཁར་ རོ་ཁྱི་ཚུ་ ལྟོ་བཟའ་ནི་གི་ ཚ་གྱང་ཅིག་ལས་མེད་ནི་དེ་གིས་ གཟུགས་ཁམས་ཡང་ ལེགས་ཤོམ་སྦེ་ བཞག་ཚུགས་ཟེར་ཨིན་པས།
ལས་འགུལ་དེ་ འགོ་དང་པ་ སྤྱི་ལོ་༢༠༠༩ ལུ་ འགོ་བཙུགས་པའི་སྐབས་ རོ་ཁྱི་དང་ བྱི་ལི་བསྡོམས་༢༨༤༦ ལུ་ གཤག་བཅོས་དང་ སྨན་ཁབ་བཙུགས་ཡོདཔ་ད་ དབྱེ་རིམ་དང་པའི་ནང་ སྤྱི་ལོ་༢༠༠༩ ལས་༢༠༡༢ ཚུན་ འགོ་འདྲེན་འཐབ་པའི་སྐབས་ རྫོང་ཁག་༢༠ ག་ར་ནང་ཁྱབ་ཡོདཔ་ད་ རྫོང་ཁག་ལ་ལུ་ཅིག་ནང་ ཤོ་ཐེངས་གཉིས་རེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལོ་༤ གི་རིང་ ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ རོ་ཁྱི་བསྡོམས་༣༦,༩༨༧ དང་ བྱི་ལི་༡,༥༤༨ དེ་བསྒང་ རྫོང་ཁག་སོ་སོར་ནང་ སྒོ་ནོར་སྨན་པ་༢ དང་ རོ་ཁྱི་བཟུང་མི་༧ དེ་ལས་ དེད་གཡོགཔ་བཅས་ སྡེ་ཚན་༣ གྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཤོ་ཐེངས་དང་པའི་ནང་ ལས་རིམ་མཐར་འཁྱོལ་ཅན་བྱུང་ཡོདཔ་ལས་ ལས་འགུལ་གྱིས་ དམིགས་གཏད་བསྐྱེད་མི་ བརྒྱ་ཆ་༨༠ ལུ་ སྨན་ཁབ་དང་ གཤག་བཅོས་འབད་ནི་གི་དོན་ལུ་ ཤོ་ཐེངས་༢ པ་དེ་ སྤྱི་ལོ་༢༠༡༢ བར་ཁམས་ཅིག་ལས་ ལོག་སྟེ་འགོ་བཙུགས་ཡོད་མི་དེ་ སྤྱི་ལོ་༢༠༡༥ ནང་ མཇུག་བསྡུ་ནི་ཨིན་པས།
ཤོ་ཐེངས་༢ པའི་ནང་ བསམ་རྩེ་དང་ སྤ་རོ་ ཆུ་ཁ་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ རྩི་རང་ དེ་ལས་ ངང་ལམ་དྲུང་ཁག་ཚུ་ནང་ འགོ་འདྲེན་འཐབ་ནི་ཨིན་པའི་ཁར་ ས་མཚམས་ཀྱི་ས་གནས་ ཇའི་སྒང་དང་ མཱལ་བཱ་ཛར་ཚུ་ནང་ལས་ འཆོལ་ནད་འཐོབ་ཉེན་ཡོདཔ་ལས་ ས་གནས་དེ་ཚུ་ནང་ཡང་ ལས་རིམ་དེ་ འགོ་འདྲེན་འཐབ་ནི་ཨིན་པས།
ཤོ་ཐེངས་༢ པའི་ནང་ལུ་ ད་རུང་ རོ་ཁྱི་དང་ བྱི་ལི་བསྡོམས་༡༡༠༠༠ ལུ་ སྨན་ཁབ་དང་གཤག་བཅོས་ཚུ་འབད་ཡོདཔ་ད་ ད་རེས་ཀྱི་ལས་རིམ་དེ་ ཟླཝ་༡ གི་རིང་ཨིནམ་བཞིན་དུ་ རོ་ཁྱི་བསྡོམས་༤༠༠༠ དེ་ཅིག་ གཤག་བཅོས་འབད་ནི་དང་ སྨན་ཁབ་བཙུགས་ནི་གི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment