གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིགས་པའི་སྣང་འཆར།

༢/༧/༢༠༡༣   དཔལ་འབྱོར་གནས་སྟངས་ལུ་ ངོས་ལེན་འབད་དགོཔ།
༉ ད་ཚུན་གྱི་བར་ན་ རྒྱ་གར་གཞུང་གིས་ འབྲུག་ལུ་ མེ་རླུང་རྒྱ་རྫི་གེསི་དང་ ས་མར་ཁུའི་གོང་ཚད་ཕབ་ཆག་ཐོག་ ཐོབ་སྐལ་བྱིན་སྲོལ་ཡོད་མི་དེ་ ཁ་ཙ་ལས་ ཕྱིར་བཏོན་འབད་མི་ལུ་བརྟེན་ ད་རིས་དྲོ་པ་ལས་ གོང་ཚད་ལོག་ལྟབ་ཀྱིས་ ཡར་སེང་རྐྱབ་ནི་ཨིན་པའི་ གསལ་བསྒྲགས་གོཝ་ད་ མི་སེར་ཚུ་ རྣམ་རྟོག་ལང་ནུག།


དེ་སྦེ་ རྣམ་རྟོག་ལང་དགོཔ་ བྱུང་མི་དེ་ཡང་ འབྲུག་གིས་ བཞེས་སྒོ་འབད་ནིའི་དོན་ལུ་ རྒྱ་ཆེཝ་སྦེ་ ལག་ལེན་འཐབ་མི་ མེ་རླང་རྒྱ་རྫི་ཚུ་ རྒྱ་གར་ལས་ གོང་ཚད་ཕབ་ཆག་སྦེ་ ཐོབ་མི་དེ་ ད་རིས་ ཆ་མེད་བཏངམ་ད་ རྒྱལ་ཁབ་ནང་ ཚར་ཅིག་གུ་ གོང་ཚད་ལོག་ལྟབ་ཀྱིས་ ཡར་སེང་འགྱོ་མི་ལུ་བརྟེན་ཨིན་མས།
ཐིམ་ཕུ་ལུ་ མེ་རླུང་རྒྱ་རྫི་གེསི་རེ་ལུ་ དངུལ་ཀྲམ་༥༠༤ རེ་གནས་མི་དེ་ ད་ལས་ཕར་ དངུལ་ཀྲམ་༡,༡༩༦ གནས་ནི་ཨིནམ་ད་ ས་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༥༦.༩༥ ཡར་སེང་འགྱོ་ནི་ཨིནམ་ད་ གོང་ཚད་ཡར་སེང་དེ་ འབྲུག་ལུ་རྐྱངམ་གཅིག་མིན་པར་ རྒྱ་གར་རྒྱལ་ཁབ་ནང་ འབད་མི་དེ་ཡང་ མ་རྩ་འཛུགས་སྤྱོད་འབད་མི་ཚུ་ལུ་ སེམས་ཤུགས་བསྐྱེད་ཐབས་ལུ་ཨིན་མས།
དེ་འབདཝ་ད་ རྒྱ་གར་ལུ་འབད་བ་ཅིན་ ལོ་༣ གྱི་རྒྱབ་ལས་ གོང་ཚད་ཡར་སེང་རྐྱབ་མི་དེ་ སང་ཕོད་སྤྱི་ཟླ་༤ པའི་ནང་ ལག་ལེན་འཐབ་ནི་ཨིན་རུང་ འབྲུག་ལུ་ ད་ལྟོ་ སྤྱིར་བཏང་བཙག་འཐུའི་ དུས་ཚོད་ནང་ ཡར་སེང་རྐྱབ་མི་ལུ་བརྟེན་ སྤྱིར་བཏང་གི་ མཐོང་སྣང་ལུ་ སྲིད་དང་འབྲེལ་བ་ཡོདཔ་སྦེ་ མཐོངམ་ཨིན་མས།
རྒྱ་གར་གཞུང་གིས་ གེསི་དང་ ས་མར་ཁུ་ཚུ་ གོང་ཚད་ཕབ་ཆག་ཐོག་ བྱིན་མི་དེ་ གློ་བུར་དུ་ ཕྱིར་བཏོན་འབད་ནི་གི་ ཐག་བཅད་བཅདཔ་མིན་པར་ འདས་པའི་ཟླ་ངོ་དག་པ་ཅིག་གི་ཧེ་མ་ལས་ གསལ་བསྒྲགས་འབད་ཡོདཔ་ལས་ སྲིད་དང་འབྲེལ་བ་མེདཔ་ཨིན་རུང་ ད་རིས་ འབྲུག་གི་བཙག་འཐུའི་ དུས་ཚོད་དང་ ཁ་ཐུག་རྐྱབ་ནི་དེ་གིས་ ཆེད་དུ་དམིགས་ཏེ་ ཡང་སེར་རྐྱབ་ཡོདཔ་བཟུམ་སྦེ་ ལ་ལུ་གིས་ དོགས་སྣང་བསྐྱེདཔ་ཨིན་མས།
གོང་ཚད་ཕབ་ཆག་གི་ ཐོབ་སྐལ་དེ་ རྒྱ་གར་ལུ་ཡང་ གོ་རིམ་དང་འཁྲིལ་ མེདཔ་བཟོ་ནི་གི་ འཆར་གཞི་ཡོད་མི་དེ་ཡང་ གོ་རིམ་དང་པའི་ནང་ མེ་རླུང་རྒྱ་རྫིའི་ གོང་ཚད་ཕབ་ཆག་གི་ ཐོབ་སྐལ་དེ་ དང་པ་ར་ སྤྱི་ཚོགས་ཀྱི་འཐུས་མི་དང་ མངའ་སྡེའི་ཁྲིམས་བཟོ་ཚོགས་སྡེའི་འཐུས་མི་ དེ་ལས་ ཡིག་ཚང་ནང་འགྱོ་མི་ཚུ་གི་ ཕྱིར་བཏོན་འབད་ནི་ཨིནམ་ད་ གོ་རིམ་གཉིས་པའི་ནང་ ཟླཝ་རེ་ལུ་ འོང་འབབ་ཉུང་ཤོས་ རུ་པི་༥༠,༠༠༠ ཐོབ་མི་ བཟའ་ཚང་ཚུ་གི་ ཕབ་ཆག་མེདཔ་བཟོ་ནི་ཨིནམ་ལས་ གོང་ཚད་ཧྲིལ་བུ་སྤྲོད་དེ་ ཉོ་དགོཔ་ཨིན་མས།
ཕབ་ཆག་མེདཔ་བཟོ་ནི་གི་ འཆར་གཞི་དེ་ གཞུང་གི་ཟད་འགྲོ་མར་ཕབ་རྐྱབ་ཐབས་ལུ་ཨིན་མས།
དེ་མ་ཚད་ འདས་པའི་ལོ་དག་པ་ཅིག་ལས་ རྒྱ་གར་རྒྱལ་ཁབ་ནང་ཡང་ དཔལ་འབྱོར་མར་ཉམས་སོང་མི་ལུ་བརྟེན་ འོང་འབབ་ལས་ འགྲོ་སོང་ལྷག་སོཔ་ལས་ རྩིས་ཆད་སྦོམ་ཐོན་ཡོད་མི་དེ་ བདེ་སྒྲིག་བཟོ་ཐབས་ལུ་ཨིན་མས།
འདས་པའི་ལོ་ངོ་དག་པ་ཅིག་ལས་ འབྲུག་རྒྱལ་ཁབ་ཡང་ ཡར་རྒྱས་གོང་འཕེལ་བསམ་བརྗོད་ལས་འདསཔ་སྦེ་ སོང་ཡོདཔ་མ་ཚད་ མི་སེར་གྱི་ འོང་འབབ་གནས་ཚད་ཡང་ ཡར་དྲག་སོང་ཡོདཔ་བཞིན་དུ་ རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་འགྲུབ་ནི་ལུ་ ལོ་༧ དེ་ཅིག་ལས་བརྒལ་མེད་མི་ལུ་ལྟཝ་ད་ ད་ཚུན་གྱི་བར་ན་ རྒྱ་གར་གཞུང་གིས་ མེ་རླུང་རྒྱ་རྫི་དང་ ས་མར་ཁུ་ཚུ་ གོང་ཚད་ཕབ་ཆག་གནང་མི་དེ་ཡང་ མཚམས་འཇོག་འབད་ནི་གི་ དུས་ཚོད་རན་ཡོདཔ་བཟུམ་སྦེ་ མཐོངམ་ཨིན་མས།
ད་ལྟོ་ཚུན་ཚོད་ཀྱི་བར་ན་ རྒྱ་གཞུང་གིས་ འདི་བཟུམ་མའི་ བརྩེ་བའི་གྲོགས་རམ་དང་ རྒྱབ་སྐྱོར་མ་བཏུབ་བཏུབ་སྦེ་ གནང་མི་ལུ་ འབྲུག་གི་ཁ་ཐུག་ལས་ ཧིང་དྭངས་མའི་ དཀྱིལ་ལས་ར་ བཀྲིན་དགའ་ཚོར་ཞུ་ནི་དང་འབྲེལ་ ད་རིས་བཟུམ་མའི་ དཔལ་དབྱོར་གནས་སྟངས་ནང་ གོང་ཚད་དེམ་ཅིག་ ཡར་སེང་སོང་མི་ལུ་ ངོས་ལེན་འབད་དགོཔ་དེ་ ཁག་ཆེ་ཟེར་ ཞུ་ནི་ཨིན།

No comments:

Post a Comment