གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་སའི་ དམངས་གཙོ་ཚོགས་པའི་འདེམས་ངོ་ལུ་ ངོས་ལེན་འགོ་དཔོན་གྱིས་ བོད་བསྐུལ་འབད་ཡོདཔ།

༡༡/༧/༢༠༡༣   ༉ མགར་ས་རྫོང་ཁག་ ཁ་སྨད་དང་ ལུང་ནག་ནང་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ པདྨ་འབྲུག་པ་ལུ་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ནང་འོང་དགོཔ་སྦེ་ ཡི་གུ་བཏང་ཡོདཔ་ད་ དེ་ཡང་ འདེམས་ངོ་གིས་ སྤྱི་ཟླ་༧ པའི་ཚེས་༧ ལུ་ འདེམས་ཁོངས་ཀྱིས་ མི་མང་རྩོད་བསྡུར་ལས་རིམ་ནང་ བཅའ་མར་གཏོགས་མ་བཏུབ་ནི་དེ་གིས་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀུན་ལེགས་རྡོ་རྗེ་གིས་ བསྐུལ་བསྒྲགས་འབད་བའི་བསྒང་།


ཡི་གུ་དང་འཁྲིལ་བ་ཅིན་ གལ་སྲིད་ ལྷན་ཚོགས་ནང་འོང་མ་ཚུགས་པ་ཅིན་ འདེམས་ངོ་ཆ་མེད་གཏང་ནིའི་ཉེན་ཁ་ཡོད་ཟེར་ཨིནམ་ད་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ འདེམས་ངོ་ལུ་ མི་མང་རྩོད་བསྡུར་ལས་རིམ་ནང་ བཅའ་མར་གཏོགས་དགོ་པའི་སྐོར་ལས་ ཡིག་ཐོག་དང་ བརྒྱུད་འཕྲིན་ནང་ བརྡ་ལན་འབད་རུང་ ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ཨིན་པས།
པདྨ་འབྲུག་པ་གིས་ བསྐུལ་བསྒྲགས་འབད་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ དངུལ་ཀྲམ་༡,༣༠,༠༠༠ ཐོབ་ཡོད་མི་དེ་ ལོག་སྤྲོད་དགོ་ནི་ཨིནམ་ད་ བཙག་འཐུའི་མ་དངུལ་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ མི་མང་རྩོད་བསྡུར་ལས་རིམ་ནང་ བཅའ་མར་གཏོགས་མ་ཚུགས་པ་ཅིན་ མ་དངུལ་དེ་ ལོག་སྤྲོད་དགོ་ཟེར་ཨིན་པས།
བཙག་འཐུ་འགོ་དཔོན་གྱིས་སླབ་མིའི་ནང་ རྩོད་བསྡུར་ནང་ལས་ཡངས་ཆག་དེ་ གལ་སྲིད་ འདེམས་ངོ་དེ་ ཤུགས་སྦེ་ན་སྟེ་ སྨན་ཁང་ནང་སྐྱེལ་ཡོདཔ་ད་ ཡང་ཅིན་ ཤི་རྐྱེན་བྱུང་མི་ལུ་རྐྱངམ་གཅིག་ཡོད་ཟེར་ཨིནམ་ད་ དེ་བཟུམ་གྱི་གནད་དོན་མེད་པ་ཅིན་ འདེམས་ངོ་ལས་ ཆ་མེད་གཏང་དགོ་ཟེར་ཨིན་པས།
འདེམས་ངོ་ པདྨ་འབྲུག་པ་དེ་ མི་མང་རྩོད་བསྡུར་གྱི་སྐབས་ལུ་ ལུང་ནག་ནང་ལུ་ བསྐུལ་བསྒྲགས་འབད་བའི་བསྒང་ཡོདཔ་ལས་ རྒྱང་བསྒྲགས་དངོས་མཐོང་གི་རྩེད་འགྲན་སྐབས་ལུ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྐྱངམ་གཅིག་ཡོདཔ་ཨིན་པས།
ཁ་ཙ་ པདྨ་འབྲུག་པ་དེ་ ལུང་ནག་ནང་གི་ས་གནས་ བྱ་གཟིག་ཕུག་ཟེར་ས་ལས་ མགར་ས་ཁ་ཐུག་འོང་བའི་སྐོར་ལས་ སྙན་ཞུ་ལྷོདཔ་ཡོདཔ་ད་ ངོས་ལེན་འགོ་དཔོན་ རྟ་མགྲིན་གྱིས་སླབ་མིའི་ནང་ འདེམས་ངོ་གིས་འབད་བ་ཅིན་ ཁོ་ར་ན་ནི་དེ་གིས་ རྩོད་བསྡུར་ནང་འོང་མི་ཚུགས་ནི་མས་ཟེར་ ཡི་གུ་ཅིག་ལྷོད་ཅི་ཟེར་ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་ཡིག་ཚང་གིས་འབད་བ་ཅིན་ འདེམས་ངོ་དེ་ ལུང་ནག་ནང་ལུ་ བསྐུལ་བསྒྲགས་འབད་དོ་ཟེར་ ཡི་གུ་བཏང་མི་ གནད་དོན་༢ རྟགས་མ་མཐུནམ་ཨིན་པས།
ལུང་ནག་ནང་ལུ་ པདྨ་འབྲུག་པ་ཁོ་རང་རྐྱངམ་གཅིག་ བསྐུལ་བསྒྲགས་འབད་མི་ལུ་ འབྲུག་ཕུན་ཚུགས་ཚོགས་པའི་འདེམས་ངོ་ ཀུན་ལེགས་རྡོ་རྗེ་གིས་ དོགས་པ་ཆགས་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ལྟ་རྟོག་འབད་མི་མེད་པའི་སྐབས་ པདྨ་འབྲུག་པ་གིས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ མ་བདེན་པའི་གཏམ་ཚུ་ཡང་ སླབ་པའི་སྙན་ཞུ་ཚུ་ གོ་ནི་འདུག་ཟེར་ཨིན་པས།
མ་གཞི་ཁོང་འཐུས་མི་༢ དང་ བཙག་འཐུའི་འགོ་དཔོན་ཚུ་ ལུང་ནག་ནང་ལུ་ གཅིག་ཁར་འགྱོ་ནིའི་འཆར་གཞི་བཟོ་ཡོདཔ་ཨིན་རུང་ པདྨ་འབྲུག་པ་གིས་ ཁོ་དང་གཅིག་ཁར་ འགྱོ་མ་བཏུབ་པར་ ཉིནམ་༣ དེ་ཅིག་གི་ཤུལ་ལས་རྐྱངམ་གཅིག་ སོང་ཡོདཔ་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་སླབ་མིའི་ནང་ ལུང་ནག་ནང་ལུ་འགྱོ་ནིའི་ལས་རིམ་དེ་ པདྨ་འབྲུག་པ་ཁོ་ར་གིས་བཟོ་མི་ལུ་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ གནང་བ་སྤྲོད་ཡོདཔ་བཞིན་དུ་ ཁོང་ག་ར་ གཅིག་ཁར་འགྱོ་ནི་སྦེ་ འཆར་གཞི་བཟོ་མི་ལུ་ པདྨ་འབྲུག་པ་གིས་ འབྲེལ་གཏོགས་འབད་མ་བཏུབ་མི་ལུ་ དགོད་བྲོ་བཟུམ་ཅིག་ལུ་ གྱུརཝ་མས་ཟེར་ཨིན་པས།
པདྨ་འབྲུག་པ་དང་གཅིག་ཁར་ བློ་སླབ་ནིའི་དཔའ་བཅམ་རུང་ འགྲུལ་འཕྲིན་གྱི་བདའ་མ་ཟུན་པའི་དཀའ་ངལ་ཡོདཔ་ལས་ ཁོ་གི་བསམ་འཆར་ཚུ་ བཀོད་མ་ཚུགསཔ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment