གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་རྫོང་ཁག་ནང་ ག་གིས་རྒྱལ་ཁ་ཐོབ་འོང་ག་ སླབ་མི་ཚུགས་ནི།

༡༡/༧/༢༠༡༣   ༉ སྤྱིར་བཏང་བཙག་འཐུའི་ཉིནམ་འདི་ སྦོ་ལོགས་ཁར་ལྷོད་མི་དང་འབྲེལ་ རྩིང་རང་རྫོང་ཁག་འོག་གི་ འདེམས་ཁོངས་༢ ཀྱི་འདེམས་ངོ་ཚུ་གིས་ མགྲིན་གཅིག་ཐོག་ལས་ སྤྱིར་བཏང་གྲོས་འཛོམས་ འགོ་འདྲེན་མི་འཐབ་ནི་སྦེ་ གྲོས་ཐག་བཅད་པའི་ཤུལ་ལས་ གཡུས་སྒོ་བརྒྱུད་དེ་ ཁས་བླངས་གསལ་བསྒྲགས་འབད་ཡོདཔ་ཨིན་པས།


འདེམས་ངོ་ཚུ་གིས་ འདས་པའི་ཟླཝ་གཅིག་གི་རིང་ལུ་ ཆར་པའི་ནང་དང་ འཕྲལ་འཕྲལ་སྤེདཔ་གིས་སོ་བཏབ་ ཉི་མའི་ནང་ ཁྱིམ་གུང་བརྒྱུད་དེ་བཤལ་ འཕྲལ་འཕྲལ་སྤྱི་འོག་ཚུ་ནང་ སྡེ་ཚན་ཆུང་ཀུའི་བར་ན་ འཛོམས་འདུ་འབད་ འཕྲལ་འཕྲལ་ལྕང་ལཱ་རྐྱབ་སར་སོང་སྟེ་ ཁས་བླངས་གསལ་བསྒྲགས་ཚུ་འབད་དེ་ ཁོང་གི་ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཡིད་ཆེས་བསྐྱེད་བཅུག་ནིའི་ དཔའ་བཅམ་དོ་ཡོདཔ་ཨིན་པས།
ཁ་ཙ་ལས་ བསྐུལ་བསྒྲགས་འབད་ནིའི་དུས་ཚོད་ མཇུག་བསྡུ་ཡོདཔ་ཨིན་རུང་ བསྐུལ་བསྒྲགས་ཀྱི་སྐབས་ ཁོང་གིས་ མི་སེར་ཚུ་ལས་ ངོས་ལེན་ཐོབ་མི་ལུ་ལྟ་སྟེ་ འདེམས་ངོ་ཆ་མཉམ་ར་ རྒྱལ་ཁ་འཐོབ་ནི་གི་ བློ་བདེ་པག་པ་སོང་ཡོདཔ་ཨིན་པས།
རྫོང་ཁག་ནང་ འགོ་ཐོག་གི་བཙག་འཐུ་ནང་ སྲིད་དོན་ཚོགས་པ་༢ ཆ་ར་གིས་ འདེམས་ཁོངས་རེ་རེ་ རྒྱལ་ཁབ་ཐོབ་ཡོད་རུང་ ཁྱད་པར་སྦོམ་ཅིག་མེདཔ་ད་ དེ་ཡང་ དཀྱིལ་འཁོར་ཐང་ མན་ཌལ་སྒང་འདེམས་ཁོངས་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ བསྡོམས་ཀྱིས་ ཚོགས་རྒྱན་༢༦༠ གི་ མི་སེར་དམངས་གཙོ་ཚོགས་པ་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ཡང་ གསེར་གྱི་ཐང་ རྩི་རང་སྟོད་འདེམས་ཁོངས་ནང་ལས་ ཚོགས་རྒྱན་༡༩༤ གིས་ འབྲུག་ཕུན་སུམ་ཚོགས་པ་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
མི་ཚུ་གིས་ ངོས་ལེན་ལུ་ལྟ་བ་ཅིན་ སྤྱིར་བཏང་བཙག་འཐུ་ནང་ ང་གིས་ བརྒྱ་ཆ་༨༠ དེ་ཅིག་ འཐོབ་ཚུགས་པའི་རེ་བ་ཡོད་ཟེར་ དཀྱིལ་འཁོར་ཐང་ མན་ཌལ་སྒང་གི་འདེམས་ངོ་ གཡང་ཁུག་ཚེ་རིང་གིས་ བཤདཔ་ཨིན་པས།
ཨིན་རུང་ ཁོ་གི་དོ་འགྲན་པ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡོ་གེཤི་ ཏ་མང་ཡང་ རྒྱལ་ཁ་འཐོབ་ནིའི་ རེ་བ་སྦོམ་སྦེ་ བཀོད་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འགོ་ཐོག་བཙག་འཐུ་ནང་ཡང་ ཚོགས་རྒྱན་གྱི་ཁྱད་པར་སྦོམ་མེདཔ་མ་ཚད་ ད་རེས་ མི་སེར་ཚུ་གི་ ངོས་ལེན་ལུ་ལྟ་བ་ཅིན་ འ་ནི་གི་བཙག་འཐུ་ནང་ ང་བཅས་ཀྱིས་ ཁྱད་པར་སྦོམ་སྦེ་ར་ བཟོ་ཚུགས་པའི་རེ་བ་ ཡོད་ཟེར་ཨིན་པས།
ཁ་ཙ་ འདེམས་ངོ་༢ ཆ་ར་ བར་གཤོང་རྒེད་འོག་ནང་ བསྐུལ་བསྒྲགས་འབད་བའི་བསྒང་ཡོདཔ་ད་ བསྐུལ་བསྒྲགས་ཀྱི་ཉིནམ་མཇུག་ལུ་ གཡང་ཁུག་ཚེ་རིང་གིས་ འཕྲོ་མཐུད་དེ་ར་ བར་གཤོང་རྒེད་འོག་ནང་ར་ བསྐུལ་བསྒྲགས་འབད་ཡོད་རུང་ ཡོ་གེཤི་ཏ་མང་གིས་ མཚོ་གླིང་མཁར་རྒེད་འོག་གི་ སྤྱི་འོག་༢ ནང་ འབད་ཡོདཔ་ཨིན་པས།
སྐྱེས་ལོ་༤༣ ལང་མི་ ཚོགས་དཔོན་འོགམ་བགྲེསཔ་ གཡང་ཁུག་ཚེ་རིང་དེ་ སྤ་ཚ་གླིང་རྒེད་འོག་ལས་ཨིནམ་ད་ སྐྱེས་ལོ་༥༢ ལང་མི་ ཡོ་གེཤི་ཏ་མང་དེ་ མཚོ་གླིང་མཁར་རྒེད་འོག་ གྲུབ་ཆུ་སྒང་ལས་ཨིན་པས།
དེ་བཟུམ་སྦེ་ འགོ་ཐོག་བཙག་འཐུ་ནང་ གསེར་གྱི་ཐང་ རྩི་རང་སྟོད་འདེམས་ཁོངས་ནང་ལས་ ཚོགས་རྒྱན་བསྡོམས་༡༩༤ གིས་ རྒྱལ་ཁ་ཐོབ་མི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ནོ་བཱིན་ དར་ལ་མི་ཡང་ ཧེང་སྐལ་ར་ བློ་བདེ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་ཚུ་གི་ ཡིད་ཆེས་བའི་རྒྱབ་སྐྱོར་དང་ ངོས་ལེན་ལུ་ལྟ་བ་ཅིན་ ད་རེས་ཀྱི་བཙག་འཐུ་ནང་ བརྒྱ་ཆ་༨༠ དེ་ཅིག་ རྒྱལ་ཁ་འཐོབ་ཚུགས་པའི་རེ་བ་ ཡོད་ཟེར་ཨིན་པས།
ཨིན་རུང་ ཁོ་གི་དོ་འགྲན་པ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨུ་དི་ཡ་ ཅཱན་དཱ་ར་ བཱན་ད་རི་ཡང་ སྤྱིར་བཏང་བཙག་འཐུ་ནང་ ཁོ་ར་གདམ་འཐུ་འགྲུབ་པའི་ རེ་བ་ཡོདཔ་ཨིན་པས།
ཁོ་གིས་ཡང་ འགོ་ཐོག་བཙག་འཐུ་ནང་ ཚོགས་རྒྱན་གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མ་ཕམ་ཟེར་ཨིནམ་ད་ ད་རིས་ མི་ཚུ་གི་ ངོས་ལེན་ལེགས་ཤོམ་ཡོད་མི་ལུ་ལྟ་བ་ཅིན་ ཐེ་རི་འབའ་རི་ བཙག་འཐུ་འགྲུབ་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
ནོ་བཱིན་ དར་ལ་མི་གིས་ ད་རིས་ སེམས་ལྗོངས་རྒེད་འོག་ནང་ གཡུས་ཚན་༢ ལུས་མི་དེ་མཇུག་བསྡུ་ནི་ཨིནམ་ད་ ཨུ་དི་ཡ་ ཅཱན་ད་ར་གིས་ རྒེད་འོག་ཆ་མཉམ་གྱི་གཡུས་སྒོ་ཚུ་བཤལ་ཏེ་ འགོ་འདྲེན་པ་ཚུ་དང་ གྲོས་བསྟུན་འབད་དེ་ རྒེད་འོག་དག་པ་ཅིག་ནང་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༢༧ ལང་མི་ ནོ་བཱིན་དེ་ སྒོ་སེར་གླིང་རྒེད་འོག་ འཛམ་གླིང་ཟོར་ལས་ཨིནམ་ད་ སྐྱེས་ལོ་༤༥ ལང་མི་ ཨུ་དི་ཡ་དེ་ སེམས་ལྗོངས་རྒེད་འོག་ བཀྲ་ཤིས་གླིང་གཡུས་ཚན་ལས་ཨིན་པས།
ཨིན་རུང་ རྩི་རང་གི་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཚོགས་རྒྱན་བཙུགས་དགོ་པའི་ ཁུངས་སོ་སོ་ཡོདཔ་ད་ ལ་ལུ་ཅིག་གིས་ ཚོགས་པའི་གཙོ་འཛིན་དང་ ལ་ལུ་ཅིག་གིས་ འདེམས་ངོ་གི་ལྕོགས་གྲུབ་ ལ་ལུ་ཅིག་གིས་ རང་གི་མི་དང་ ལ་ལུ་ཅིག་གིས་ ཚོགས་པ་རྙིངམ་ལུ་ འཕྲོ་མཐུད་དེ་ར་ ལཱ་འབད་བཅུག་ནི་དང་ ལ་ལུ་ཅིག་ལུ་ འགྱུར་བའི་དོན་ལུ་ གསརཔ་ལུ་གོ་སྐབས་བྱིན་ནི་ཚུ་ཨིན་པས།
ང་གིས་འབད་བ་ཅིན་ ཚོགས་པའི་གཙོ་འཛིན་ སྒྲིང་སྒྲིང་ཡོད་པའི་ཁར་ འདེམས་ངོ་ཡང་ སྒྲིང་སྒྲིང་ཡོདཔ་མ་ཚད་ འདས་པའི་འཆར་གཞི་ལཱ་ཚུ་ འཕྲོ་མཐུད་དེ་ར་ ལཱ་འབད་བཅུག་ནིའི་དོན་ལུ་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བསྐྱུར་ནི་ཨིན་ཟེར་ དཀྱིལ་འཁོར་ཐང་རྒེད་འོག་ནང་ལས་ རྡོ་རྗེ་གིས་ སླབ་ཨིན་པས།
དེ་བཟུམ་སྦེ་ དུང་ལ་སྒང་རྒེད་འོག་ནང་ལས་ གིམ་རེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ གཙོ་བོ་ ཁ་སླབ་ཚུགས་མི་འདེམས་ངོ་ལུ་བལྟ་སྟེ་ ཚོགས་རྒྱན་བཙུགས་འོང་ཟེར་ཨིནམ་ད་ རྫོང་ཁ་སླབ་ཤེས་མི་དེ་གིས་ ཁོང་གི་སྐྱིད་སྡུག་ཚུ་ སྤྱི་ཚོགས་ནང་ཞུ་ཚུགས་ནི་ཨིནམ་མ་ཚད་ ཁོང་གི་དོན་ལས་ རྩོད་བསྡུར་འབད་ཚུགས་མི་དེ་གིས་ ཕན་ཐོགས་འོང་ཟེར་ཨིན་པས།
གསེར་གྱི་ཐང་རྒེད་འོག་ནང་ལས་ གཅིག་གིས་ སླབ་མིའི་ནང་ མོ་གིས་ འགྱུར་བའི་དོན་ལུ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ལུ་ གོ་སྐབས་ཚར་གཅིག་ བྱིན་ནི་ཨིན་ཟེར་ཨིན་པས།
ཨིན་རུང་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་དང་ མི་སེར་ཚུ་གི་ བསམ་ལན་སྣ་ཚོགས་ལུ་ལྟ་བ་ཅིན་ རྫོང་ཁག་གི་འདེམས་ཁོངས་༢ ནང་ འདེམས་ངོ་ག་གིས་ རྒྱལ་ཁ་འཐོབ་ནི་ཨིན་ན་ ད་ལྟོ་ ཚོད་དཔག་མི་ཚུགས་ནི་ཨིན་པས།
རྫོང་ཁག་འོག་གི་ རྒེད་འོག་༡༢ ནང་ ཚོགས་རྒྱན་ས་ཁོངས་༤༢ ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་བསྡོམས་ ༢༠,༨༦༣ ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment