གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་བྱཱར་གྱི་ ཀི་རི་ཀེཊ་སྦྱོང་བརྡར་ ད་རིས་མཇུག་བསྡུ་ནི།

༡༢/༧/༢༠༡༣   ༉ སྤ་རོ་ལུ་ ན་གཞོན་སྐྱེས་ལོ་༡༦ མན་ཆད་འབད་མི་ཚུ་གི་དོན་ལུ་ འབྲུག་ཀི་རི་ཀེཊ་བཀོད་ཚོགས་ཀྱིས་ རྒྱབ་སྐྱོར་ཐོག་ལས་ གནམ་བྱཱར་གྱི་ ཀི་རི་ཀེཊ་སྦྱོང་བརྡར་ལས་རིམ་ཅིག་ ཉིན་གྲངས་༨ ཀྱི་རིང་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྤ་རོ་ལུ་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་ ཀི་རི་ཀེཊ་སྦྱོང་བརྡར་འབད་བའི་བསྒང་།


ཀི་རི་ཀེཊ་གི་ སྦྱོང་བརྡར་ལས་རིམ་དེ་ སྤྱི་ཟླ་༧ པའི་ཚེས་༥ ལས་འགོ་བཙུགས་ཡོདཔ་ཨིན་པས།
ད་ལྟོ་ སྦྱོང་བརྡར་ནང་ སྤ་རོའི་ སློབ་གྲྭ་ཁག་༥ དེ་ཅིག་ནང་ལས་ བུམོ་༢༤ དང་ བུཚ་༣༧ གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཀི་རི་ཀེཊ་སྦྱོང་བརྡར་བྱིན་མི་ ཟླ་བ་རྒྱལ་མཚན་གྱིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ སློབ་གྲྭའི་ངལ་གསོ་སྐབས་ལུ་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་དགོ་མི་དེ་ གཙོ་བོ་ར་ སློབ་ཕྲུག་ཚུ་ རང་གི་ འཕྲོད་བསྟེན་ལུ་ ཕན་ཐོགས་མེད་པའི་ལཱ་ཚུ་ འབད་མི་བཅུག་ནི་གི་དོན་ལུ་དང་ ངལ་གསོ་གི་སྐབས་ལུ་ དུས་ཚོད་འཕྲོ་བརླག་མ་བཏང་པར་ བཞག་ཐབས་ལུ་ དེ་ལས་ ཆ་རོགས་གསརཔ་ཚུ་དང་ འབྲེལ་བ་འཐབ་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨ་ལུ་ཚུ་གིས་ སྤྲོ་བ་ལེན་ཏེ་ སྦྱོང་བརྡར་ཚུ་ ལེགས་ཤོམ་འབདཝ་ད་ ཁོ་ར་ལུ་ཡང་ སྤྲོ་བ་ཐེབས་ཅིག་ར་བྱུངམ་མས་ཟེར་ཨིན་པས།
སྤ་རོ་ ཤར་རི་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༡༠ པའི་ སློབ་ཕྲུག་༡ ཨིན་མི་ དཔལ་ལྡན་མཁའ་འགྲོ་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ སློབ་གྲྭའི་ངལ་གསོ་སྐབས་ རྩེད་རིགས་ཀྱི་ སྦྱོང་བརྡར་ལས་རིམ་ འགོ་འདྲེན་འཐབ་མི་དེ་གིས་ ཁོ་བཟུམ་སྦེ་ རྩེད་རིགས་ནང་ སྤྲོ་བ་ཡོད་མི་ཚུ་གི་དོན་ལུ་ གནམ་མེད་ས་མེད་ ཕན་ཐོགས་འདུག་ཟེར་ཨིན་པས།
དེ་མ་ཚད་ སྦྱོང་བརྡར་འགོ་འདྲེན་འཐབ་མི་དེ་གིས་ ཁོང་རའི་ དུས་ཚོད་འཕྲོ་བརླག་མ་བཏང་པར་ ངལ་གསོའི་སྐབས་ལུ་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཕན་ཐོགས་ཡོད་པའི་ ལཱ་འབད་ཚུགས་ནི་དེ་གིས་ སེམས་དགའ་བས་ཟེར་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ ན་གཞོན་ཚུ་གིས་ དྲོ་པའི་ཆུ་ཚོད་༩:༣༠ ལུ་ ཁྱིམ་ནང་ལས་ སྦྱོང་བརྡར་ནང་འོང་ཞིནམ་ལས་ ཕྱི་རུའི་ཆུ་ཚོད་༣ ཚུན་ཚོད་ སྡོདཔ་ཨིན་པས།
ཉིན་གྲངས་༨ ཀྱི་རིང་ འགོ་འདྲེན་འཐབ་མི་ ཀི་རི་ཀེཊ་སྦྱོང་བརྡར་ནང་ ཀི་རི་ཀེཊ་གི་སྐོར་ལས་ གཞི་རྟེན་ཤེས་ཡོན་དང་ དེ་ནང རྩེད་རིགས་དེ་གི་སྐོར་ལས་ སློབ་སྟོན་འབད་བྱིན་ཡོདཔ་ཨིན་པའི་གནས་ཚུལ།

སྤ་རོ་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment