གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡང་འཕེལ་མདའ་རྩེད་ སྤྱི་ཚེས་༡༦ ལས་འགོ་བཙུགས་ནི།

༡༢/༧/༢༠༡༣   དུས་ཅི་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་འབད་མི་ སྡེ་ཚན་༢༦༦ གིས་ བཅའ་མར་གཏོགས་མི་དེ་ ལོ་ཧེ་མ་དང་ཕྱདཔ་ད་ མཐོ་ཤོས་ཨིན་པས།
༉ སྤྱི་ལོ་༢༠༡༣ ལོའི་ འཕྲལ་ར་འགོ་འདྲེན་འཐབ་ནི་ཨིན་མི་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་༢༦༦ གིས་ བཅའ་མར་གཏོགས་ཡོད་མི་ལུ་བརྟེན༌ལོ་ཧེ་མམ་དང་ཕྱདཔ་ད་ དུས༌ཅི་གི་བཅའ་མར་གཏོགས་མི་དེ་ མཐོ་ཤོས་ཅིག་ཨིན་པས།


དེ་ཡང་ རྗོང་ཁག་༢༠ འི་མདའ་རྩེདཔ་བཅའ་མར་གཏོགས་མི་ཚུ་གི་གྲས་ལས་ ཐིམ་ཕུ་རྫོང་ཁག་ནང་ལས་ སྡེ་ཚན་༡༡༢ ཀྱིས་ འབྲེལ་གཏོགས་འབད་མི་དེ་ མཐོ་ཤོས་ཨིནམ་ད་ ཕུན་ཚོགས་གླིང་ལས་ སྡེ་ཚན་༣༧ ཐོན་མི་དེ་ ཨང་༢ པ་ དེ་ལས་ ཨང་༣ པ་དེ་ སྤུ་ན་ཁ་ལས་ སྡེ་ཚན་༢༨ ཀྱིས་ བཅའ་མར་གཏོགས་མི་དེ་ ཨིན་པས།
དེ་བཟུམ་སྦེ་ སྤ་རོ་ལས་ སྡེ་ཚན་༢༤ དང་ བཀྲིས་སྒང་ལས་ སྡེ་ཚན་༢༠ དགེ་ལེགས་ཕུག་ལས་ སྡེ་ཚན་༡༧ ཀྲོང་གསར་ལས་ སྡེ་ཚན་༡༦ མོང་སྒང་ལས་ སྡེ་ཚན་༡༡ དེ་ལས་ རྒྱ་གར་སི་ཀིམ་ལས་ སྡེ་ཚན་༧ གིས་ འབྲེལ་གཏོགས་འབད་མི་དེ་ ལོ་གཅིག་བ་གཅིག་ རྩེད་འགྲན་ནང་ སྤྲོ་བ་བསྐྱེད་མིའི་གྱངས་ཁ་ ཡར་སེང་སོང་མི་དེ་ རང་ལུགས་མདའ་རྩེད་འགྲན་བསྡུར་ལས་རིམ་ གོང་འཕེལ་འགྱོ་བའི་རྟགས་མཚན་ཅིག་ ཨིན་པས།
རང་སོའི་རྫོང་ཁག་ཚུ་ནང་ མདའ་རྩེད་འགྲན་བསྡུར་དེ་ སྤྱི་ཟླ་༧ པའི་ཚེས་༡༦ ལས་འགོ་བཙུགས་ ལིག་སྐོར་ཐེངས་༤༥ གི་ རྩེད་འགྲན་དེ་ སྤྱི་ཟླ་༨ པའི་ཚེས་༡༢ ཚུན་ འབད་ཐོག་ལས་ རྒྱལ་ཁ་འཐོབ་མི་སྡེ་ཚན་༧༢ ཀྱིས་ ནོག་ཨའུཊ་རྩེད་འགྲན་ནང་ བཙག་འཐུ་འགྲུབ་ནི་ཨིནམ་བཞིན་དུ་ སྤྱི་ཟླ་༨ པའི་ཚེས་༡༣ ལས་༢༠ ཚུན་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་འབའ་སྐྱོར་ནང་སྦེ་ རྩེད་འགྲན་འགོ་འདྲེན་འཐབ་ནི་ཨིན་པས།
ཆ་༢ ཟེར་བའི་མདའ་རྩེད་དེ་ སྤྱི་ཟླ་༨ པའི་ཚེས་༡༧ ལུ་འབད་ནི་དང་ གཡང་འཕེལ་གྱི་མདའ་རྩེད་འགྲན་བསྡུར་ནང་ལས་ མདའ་རྩེདཔ་དྲགོས་ཀྱི་དོན་ལུ་ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ མདའ་རྩེདཔ་བཀག་རེག་མཐོ་ཤོས་ཕོག་མི་ཚུ་གི་བར་ན་ སྐོར་ཐེངས་༡༥ འབད་མི་ རྩེད་འགྲན་དེ་ འབད་ནི་ཨིན་པས།
སྡེ་ཚན་༧༢ བཙག་འཐུ་འབད་མིའི་གྲས་ལས་ ཀོ་ཊར་ཕའི་ནཱལ་ནང་ ལྷོད་མི་ཚུ་གི་ འགྲན་བསྡུར་དེ་ སྤྱི་ཟླ་༨ པའི་ཚེས་༢༡ ལས་༢༣ ཚུན་ འགོ་འདྲེན་འཐབ་ནི་དང་ མཐའ་བཅད་འོག་མའི་རྩེད་འགྲན་དེ་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ དཔལ་ལྡན་སྡེ་ཚན་གྱིས་ མཐའ་བཅད་རྩེད་འགྲན་ནང་ རྒྱལ་ཁ་ཐོབ་ནི་དེ་གིས་ གཡང་འཕེལ་མདའ་རྩེད་དྲག་ཤོས་ཐོན་ཡོདཔ་ད་ ཨང་༢ པ་ གཡུས་རྒྱལ་དང་ ཨང་༣ པ་ཌའི་གཱོན་སྡེ་ཚན་གྱིས་ ཐོན་ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༧ ལས་ གཡང་འཕེལ་མདའ་རྩེད་འགོ་བཙུགས་པའི་ ལོ་ལས་ སྤྱི་ལོ་༢༠༡༢ ཚུན་ མདའ་རྩེདཔ་དྲགོས་ཚུ་ཡང་ སྤྱི་ལོ་༡༩༩༧ ལུ་ འཕྲིན་ལས་དཔལ་འབྱོར་གྱིས་ མདའ་རྩེད་དྲགོས་ཐོན་མི་ལུ་ གསོལ་རས་དངུལ་ཀྲམ་༢༥,༠༠༠ བྱིན་ཡོད་མི་དེ་ སྤྱི་ལོ་༢༠༡༢ ལུ་ ཚེ་དབང་རྡོ་རྗེ་ལུ་ དངུལ་ཀྲམ་༢༠༠,༠༠༠ བྱིན་ཡོད་རུང་ སྤྱི་ལོ་༢༠༡༡ ལུ་ ཚེ་རིང་རྒྱལ་མཚན་ལུ་ གསོལ་རས་ སྣུམ་འཁོར་ ཨེ་ཨིསི་ཊར་ བྱིན་ཡོདཔ་ཨིན་པས།
སྡེ་ཚན་རེ་ནང་ ཧེན་མའི་ལམ་ལུགས་དང་འཁྲིལ་ མདའ་རྩེདཔ་ལེགས་ཤོམ་གྱི་ཐོ་བཀོད་འབད་མི་རེ་གིས་ བཅའ་མར་གཏོགས་ཆོག་ནི་ཨིན་པས།
ཨིན་རུང་ ན་ཧིང་ལས་འགོ་བཙུགས་ ལིག་སྐོར་ཐེངས་༤༥ ལས་ མཐའ་བཅད་རྩེད་འགྲན་འབད་མི་ཚུན་ བཀག་རེག་ཕོག་མི་ཚུ་ ཐོ་བཀོད་འབད་བཞག་སྟེ་ བརྒྱ་ཆ་ལས་རྩིས་ཕབ་སྟེ་ མདའ་རྩེདཔ་ལེགས་ཤོམ་གྱི་གྲངས་སུ་ འགོ་འདྲེན་འཐབ་མི་ཚུ་གིས་ ཞིབ་འཚོལ་འབད་དེ་ ཐོ་བཀོད་འབད་ཡོད་མི་ཚུ་ སྡེ་ཚན་བཟོ་མི་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
གཡང་འཕེལ་མདའ་རྩེད་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ ཧེ་མ་ལས་ར་ ལིག་སྐོར་ཐེངས་ནང་ བཀག་རེག་༢༠ ལས་ལྷག་སྟེ་རྐྱབ་མི་ཚུ་ མདའ་རྩེདཔ་ལེགས་ཤོམ་གྱི་གྲངས་སུ་ ཐོ་བཀོད་འབད་ཡོདཔ་ད་ ལིག་སྐོར་ཐེངས་༢ པ་དང་ མཐའ་བཅད་ཆུང་བ་ མཐའ་བཅད་འོག་མ་ དེ་ལས་ མཐའ་བཅད་འགྲན་བསྡུར་ནང་ བཀག་རེག་ལེ་ཤ་ཕོག་རུང་ མདའ་རྩེདཔ་ལེགས་ཤོམ་གྱི་ གྲངས་སུ་མ་རྩིས་བར་ ཡོད་མི་ཚུ་ལུ་དམིགས་ཏེ་ ན་ཧིང་ལས་ ལིག་སྐོར་ཐེངས་ལས་འགོ་བཙུགས་ མཐའ་བཅད་ཚུན་ བཀག་རེག་ཡོངས་བསྡོམས་བཏོན་ཏེ་ བརྒྱ་ཆ་ཕབ་སྟེ་ཐོ་བཀོད་འབད་ནིའི་ ལམ་ལུགས་བཟོ་ཡི་ཟེར་ཨིན་པས།
ལྷག་པར་དུ་ ལིག་སྐོར་ཐེངས་༢ པ་ཚུན་ སྡེ་ཚན་གྱི་ མདའ་རྩེདཔ་ཚུ་གིས་ བཀག་རེག་རྐྱབ་མ་བཏུབ་པར་སྡོད་དེ་ མཐའ་བཅད་ཆུང་བ་ལས་ འགོ་བཙུགས་ བཀག་རེག་རྐྱབ་མི་ཡོདཔ་ལས་ འདི་བཟུམ་གྱི་དཀའ་ངལ་བསལ་ཐབས་ལུ་ བཀག་རེག་ཡོངས་བསྡོམས་བཏོན་ཐོག་ལས་ མདའ་རྩེདཔ་ལེགས་ཤོམ་གྱི་ གྲངས་སུ་བཙུགསཔ་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

No comments:

Post a Comment