གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་སྨད་ལས་ རྒྱབ་སྐྱོར་སྒྲིང་སྒྲིང་ཡོད་རུང་ ཆོས་འཁོར་ལུ་དོགས་སྣང་།

༣/༧/༢༠༡༣   ༉ འཆར་གཞི་༡༡ པའི་མ་དངུལ་དེ་ རྒྱ་གར་ལས་ གཏན་འཁེལ་མེདཔ་མ་ཚད་ འབྲུག་གི་དོན་ལུ་ མེ་རླུང་རྒྱ་རྫི་དང་ ས་མར་ཁུའི་གོང་ཚད་ཕབ་ཆག་ཕྱིར་བཏོན་འབད་མི་ཚུ་ རྒྱ་གར་གྱིས་ རྒྱབ་སྐྱོར་འབད་མི་ ཉམས་འགྱོ་བའི་ བརྡ་མཚོན་བཟུམ་ཅིག་སྦེ་ མཐོངམ་མས་ཟེར་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཟླ་༧ པའི་ཚེས་༡ ལུ་ བུམ་ཐང་གི་ མི་སེར་ཚུ་ལུ་སླབ་ནུག།


ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ་གིས་འབད་བ་ཅིན་ འབྲུག་ལུ་ རྒྱ་གར་ལས་ རྒྱབ་སྐྱོར་ལེགས་ཤོམ་དགོ་པ་ཅིན་ རྒྱལ་ཁབ་ནང་ གཞུང་སྐྱོང་ལེགས་ཤོམ་དགོ་ཟེར་ཨིནམ་ད་ ད་རེས་ནངས་པ་ རྒྱ་གར་གྱི་ རྒྱབ་སྐྱོར་ཉམས་འགྱོ་དགོ་པའི་ གནད་དོན་ག་ཅི་ཨིན་ན? ཁོང་གིས་ མེ་རླུང་རྒྱ་རྫི་དང་ ས་མར་ཁུའི་ཕབ་ཆག་ཆ་མེད་བཏང་དགོ་མིའི་ རྒྱུ་རྐྱེན་ག་ཅི་ཨིན་ན? ང་བཅས་ཀྱིས་ ལེགས་ཤོམ་སྦེ་ བརྟག་ཞིབ་འབད་དགོཔ་ཡོད་ཟེར་ སླབ་ཨིན་པས།
རུ་པི་མ་ཐོབ་མི་དང་ དཀའ་ངལ་གཞན་ཚུ་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་གི་སྐབས་ལུ་ ཐོན་ཡོདཔ་ལས་ གལ་སྲིད་ ཚོགས་པ་དེ་ ལོག་བཙག་འཐུ་འགྲུབ་པ་ཅིན་ རྒྱ་གར་གྱིས་ འབྲུག་ལུ་ འཕྲོ་མཐུད་དེ་ རྒྱབ་སྐྱོར་ག་དེ་སྦེ་ འབད་འོང་ག་ དོགས་སྣང་ཡོད་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་བཤད་ནུག།
ཁོ་གིས་ སླབ་མིའི་ནང་ སྲིད་འབྲེལ་གནས་སྟངས་ཁམས་ལོག་སི་སི་ཅིག་ལུ་ གྱུར་དོ་ཡོདཔ་མ་ཚད་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁོང་གི་ ཁས་བླངས་ཚུ་ལུ་ འཕྲོ་མཐུད་དེ་ར་ སྐྱོན་བརྗོད་འབད་དོ་ཡོདཔ་ལས་ ཁོ་ར་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ལུ་ཡང་ སྤྲོ་སྣང་ཞན་སུ་ཅིག་ ཡང་སོ་ཡི་ཟེར་ཨིན་པས།
ཨིན་རུང་ གནད་དོན་ཚུ་ སེལ་དགོཔ་ལེ་ཤ་ཡོདཔ་ལས་ ཁོ་ རྒྱབ་བཤུད་མི་རྐྱབ་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ འཕྲལ་ཁམས་ཅིག་ཁར་ བུམ་ཐང་ལུ་ བསྐུལ་བསྒྲགས་འབད་བའི་སྐབས་ ཆུ་སྨད་ཀྱི་ མི་སེར་ཚུ་ལུ་ ཡ་ཁྲའི་ཐོན་སྐྱེད་འབད་མི་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་ལུ་ ཡ་ཁྲ་འཐག་ནིའི་དོན་ལས་ སྐུདཔ་བྱིན་ནི་གི་ བློ་འདོད་མེད་པའི་སྐོར་ སླབ་ནུག་ཟོར་ཨིནམ་ད་ ཁོ་གིས་ འཐག་མཁནམ་ཚུ་ལུ་ ཁོང་གི་ཡ་ཁྲ་ཚུ་ ཁོ་ལུ་བཙོང་ནི་ མཚམས་འཇོག་འབད་དགོཔ་སྦེ་ སླབ་པའི་ཁར་ དེ་གི་ཚབ་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ དེ་འཕྲོ་ལས་ གོང་ཚད་མཐོ་སུ་སྤྲོད་དེ་ ཉོ་འོང་ཟེར་ སླབ་ཡོདཔ་མ་ཚད་ གལ་སྲིད་ ཁོང་བཙག་འཐུ་འགྲུབ་པ་ཅིན་ ད་རུང་ ཡ་ཁྲ་ཐོན་སྐྱེད་ལྟེ་བ་ཅིག་ འགོ་བཙུགས་འོང་ཟེར་ སླབ་ནུག་ཟེར་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁོང་ལུ་ སྐྱོན་བརྗོད་འབད་མི་ལུ་བརྟེན་ སེམས་ཕམ་བྱུངམ་མས་ཟེར་ཨིནམ་ད་ གུས་ཞབས་ཅན་དང་ མིང་གཏམ་ཅན་གྱི་ གང་ཟག་ལས་ ངོ་རྐྱང་གནས་རིམ་ནང་ སྐྱོན་བརྗོད་འབད་མི་དེ་ སེམས་ཤི་སི་སི་ཅིག་ཨིན་པའི་ཁར་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་ལུ་ འཇིགས་བསྐུལ་ཅིག་ཨིན་མས་ཟེར་ཨིན་པས།
ཁོང་གིས་ ང་བཅས་ལུ་ སྐྱོན་བརྗོད་འབད་མི་དེ་ཡང་ མི་སེར་ཚུ་གིས་ ང་བཅས་ལུ་ ཡིད་ཆེས་བསྐྱེད་ནི་ འགོ་བཙུགས་མི་ལུ་བརྟེན་ཨིན་པས་ཟེར་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་ བུམ་ཐང་ཆུ་སྨད་རྒེད་འོག་ལྟེ་བའི་ནང་ བསྐུལ་བསྒྲགས་འབདཝ་ད་ དེ་གི་ཧེ་མར་འཚོགས་མི་ འབྲུག་ཕུན་སུམ་ཚོགས་པའི་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ལས་ལྷགཔ་སྦེ་ མི་སྤུངས་འཛོམས་འབད་ཡོད་མི་དེ་ཡང་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་ཚུ་ལུ་ལྟཝ་ད་ རྫོང་ཁག་ནང་ རྒེད་འོག་༤ ཡོད་མི་ལས་ ཆུ་སྨད་རྒེད་འོག་ནང་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་ སྒྲིང་སྒྲིང་ཡོད་ནི་དེ་གིས་ཨིན་པས།
ཆོས་འཁོར་ལྟེ་བའི་ནང་ སྲིད་ཚོགས་གཉིས་ཆ་རའི་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ ཧ་ལམ་འདྲ་མཉམ་ལྷོད་ཡོདཔ་ཨིན་པས།
མ་གཞི་ ཆུ་སྨད་ལུ་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་སྒྲིང་སྒྲིང་ཡོད་རུང་ ཆོས་འཁོར་རྒེད་འོག་ནང་ ཚོགས་པ་ལུ་ ལཱ་ཁག་གཏང་ནི་བཟུམ་ཅིག་ཡོད་མི་དེ་ཡང་ ཆོས་འཁོར་–སྟང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཌོག་ཊར་པདྨ་རྒྱ་མཚོ་དེ་ ཡོངས་གྲགས་ཡོད་པའི་ཁར་ མི་སེར་མང་ཤོས་ཅིག་གིས་ ཁོ་ལུ་ ཚོགས་རྒྱན་བསྐྱུར་ནི་ཨིནམ་སྦེ་ སྦ་གསང་མེད་པར་ སླབ་ཨིན་པས།
རེས་གཟའ་མིག་དམར་ལུ་ མི་སེར་དམངས་གཙོ་ཚོགས་པའི་ ཞལ་འཛོམས་ནང་ མི་སེར་ལ་ལུ་ཅིག་ སྲིད་ཚོགས་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ ཐག་བཏོག་ནིའི་ ཕན་ཐབས་ལུ་ བཅའ་མར་གཏོགས་པར་ འོང་ཡོད་རུང་ ལ་ལུ་ཅིག་ གཙོ་འཛིན་གྱི་ ཁ་ཐུག་ལས་ ག་ཅི་སླབ་ནི་ཡོདཔ་ཨིན་ན་ ཉན་པར་རྐྱངམ་གཅིག་ འོང་ཡོདཔ་ཨིན་པས།
གཏམ་ཞིང་ལས་ སྐྱེས་ལོ་༤༠ ལང་མི་ ཚེ་རིང་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ གལ་སྲིད་ སྲིད་ཚོགས་ཀྱི་ གཙོ་འཛིན་དེ་ སྒྲིང་སྒྲིང་དང་ ལྕོགས་གྲུབ་ཅན་མེད་པ་ཅིན་ འདེམས་ངོ་གིས་ཡང་ ལེགས་ཤོམ་སྦེ་ ཕྱག་ཞུ་མི་ཚུགས་ནི་ཨིནམ་ལས་བརྟེན་ ཁོ་གིས་ ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ བརྟག་ཞིབ་འབད་འོང་ཟེར་ཨིན་པས།
ངེ་གི་མཐོང་སྣང་ལུ་ སྲིད་ཚོགས་ཀྱི་ གཙོ་འཛིན་གཉིས་ཆ་ར་ལུ་ ཁྱད་པར་སྦོམ་ཅིག་ མི་མཐོང་དོ་ཡོདཔ་ལས་ ད་ལས་ཕར་ འདེམས་ངོ་ལུ་ལྟ་སྟེ་ ཚོགས་རྒྱན་བཙུགས་ནི་གི་ མནོ་བསམ་བཏང་དོ་ཟེར་ ཁོ་གིས་ སླབ་ཨིན་པས།
ད་རུང་ དཔལ་ཚལ་གླིང་ལས་ ཚོགས་རྒྱན་སྐྱུར་མི་ སྐྱེས་ལོ་༥༠ ལང་མི་ བསོད་ནམས་ལྷ་མོ་གིས་ འབྲུག་ཕུན་སུམ་ཚོགས་པའི་ ཞལ་འཛོམས་ནང་ བཅའ་མར་མ་གཏོགསཔ་ལས་ ག་ལུ་ཚོགས་རྒྱན་བཙུགས་ནི་ཨིན་ན་ ད་ལྟོ་ ཐག་མ་བཏོག་པར་ཡོད་ཟེར་ཨིནམ་ད་ རྡོ་རྗེ་སྦིས་ལས་ སྐྱེས་ལོ་༤༢ ལང་མི་ འཇམ་དབྱངས་ཆོས་སྒྲོན་གྱིས་འབད་བ་ཅིན་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་གིས་ རྒེད་འོག་ནང་ ཕན་ཐོགས་ཅན་གྱི་ ལཱ་ལེ་ཤ་འབད་ཡོདཔ་མ་ཚད་ མོ་ལས་ བློན་ཆེན་བགྲེསཔ་ལུ་ གུས་ཞབས་དང་ ཡིད་ཆེས་སྦོམ་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ཡང་ རྒྱབ་སྐྱོར་ཡོད་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment