གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱབ་ཁབ་ཀྱི་ མཐའ་དོན་ལུ་ གནོད་སྐྱོན་རྐྱབ་ཡོད་པ་ཅིན་ རྒྱབ་བཤུད་རྐྱབ་ནི།

༣/༧/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ གནོད་སྐྱོན་རྐྱབ་ཡོད་པ་ཅིན་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་རན་མིའི་ནང་ དོ་འགྲན་མ་འབད་བར་ རྒྱབ་བཤུད་རྐྱབ་ནི་ཨིན་པས།
དེ་ཡང་ ཁ་ཙ་ མི་མང་རྩོད་བསྡུར་སྐབས་ འབྲུག་ཕུན་སུམ་ཚོགས་པའི་ ལྷོ་ཐིམ་ཕུའི་འདེམས་ངོ་ ཡེ་ཤེས་སྦྱིན་པ་གིས་ སྲིད་ཚོགས་དེ་ལུ་ ཁ་ཉེས་བཀལ་མི་དང་ སྐྱོན་བརྗོད་འབད་མི་ཚུ་ལུ་བརྟེན་ འབྲུག་དང་རྒྱ་གར་གྱི་བར་ན་ མཐུན་ལམ་ལེགས་ཤོམ་གནས་ཡོད་མི་ལུ་ གནོད་པ་ག་དེ་སྦེ་བྱུང་ཡོདཔ་ཨིན་ནའི་ ར་ཁུངས་བཟང་བའི་སྐབས་ མི་མང་ལུ་ གསལ་བསྒྲགས་འབད་ཡི།



རྒྱལ་ཡོངས་མཐའ་དོན་ཚུ་གི་ ཐད་ལུ་ལྷོདཔ་ད་ ང་བཅས་ཀྱིས་ རྒྱབ་བཤུད་རྐྱབ་ཚུགསཔ་འབད་དགོཔ་མ་ཚད་ ཐ་ན་ རང་གི་སྲོག་ར་ཨིན་རུང་ བློས་བཏང་ཚུགསཔ་འབད་དགོ་ཟེར་ ཡེ་ཤེས་སྦྱིན་པ་གིས་ བཤད་ཅི།
ཞབས་ཏོག་བློན་པོ་བགྲེསཔ་གིས་འབད་བ་ཅིན་ རྒྱ་འབྲུག་གི་མཐུན་འབྲེལ་ནང་ སྲིད་དོན་ལག་ལེན་འཐབ་མི་དེ་ སེམས་ཤི་སི་སི་དང་ བློ་ཕམ་པའི་ གཞི་གནད་ཅིག་ཨིནམ་ད་ སྲིད་ཚོགས་ལ་ལུ་ཅིག་གིས་ གནད་དོན་དེ་ སྲིད་དོན་བྱ་རིམ་ནང་ འདྲུད་མི་ལུ་བརྟེན་ རྒྱ་གར་གཞུང་ལུ་ དབུགས་འགམ་བཅུག་སྟེ་ འཕྲལ་ཁམས་ཅིག་ཁར་ བཞེས་སྒོ་འབད་ནིའི་ མེ་རླུང་གེསི་དང་ ས་མར་ཁུའི་ཕབ་ཆག་ཆ་མེད་བཏང་ཡོདཔ་འོང་ནི་མས་ཟེར་ཨིན་པས།
སྲིད་ཚོགས་ལུ་ སྐྱོན་བརྗོད་དང་ ཁ་ཉེས་འདྲ་མིན་སྣ་ཚོགས་བཀལ་ཡོད་རུང་ ཡེ་ཤེས་སྦྱིན་པ་གིས་ རྒྱ་གར་གཞུང་གི་ ཁ་ཐུག་ལས་ ལོ་ལྔའི་འཆར་གཞི་༡༡ པའི་ མ་དངུལ་བྱིན་ནི་གི་ ཁས་བླངས་འབད་དེ་ཡོད་ཟེར་ དོགས་སེལ་འབད་ཡི།
དེ་འབདཝ་ད་ འཆར་གཞི་༡༡ པ་དེ་ གཏན་འཁེལ་མ་འགྱོ་བར་ཡོདཔ་ལས་ མ་དངུལ་ག་དེམ་ཅིག་ དགོ་འོང་ག་ ད་ལྟོ་ སླབ་མི་ཤེས་པས་ཟེར་ ཁོ་གིས་ བཤད་ཅི།
ཡེ་ཤེས་སྦྱིན་པ་གིས་ སླབ་མིའི་ལན་ལུ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྟ་མགྲིན་དབང་མོ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་ ཚ་གྱང་དང་ ཁོང་ཆ་ཁྱབ་ རྒྱབ་བཤུད་རྐྱབ་འདོད་ཡོད་མི་ལུ་ ངལ་རངས་ཡོད་ཟེར་ཨིན་པས།
ཨིན་རུང་ རྒྱན་ཤོག་ལོ་ཊི་རིའི་ཚུལ་མིན་དང་ རྒྱལ་པོའི་ཞིང་ས་ཆའི་རྩོད་དོན་ དེ་ལས་ སྤྲོ་བ་གློག་བརྙན་ཁང་གི་ ས་ཆ་ཚུ་གི་ དཔེ་བཞག་ཐོག་ལས་ རྟ་མགྲིན་དབང་མོ་གིས་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་གི་སྲིད་བྱུས་ ངན་ལྷད་ལུ་ བཟོད་བསྲན་རྩ་ལས་མེདཔ་བཟོ་ནི་དེ་ གཞུང་སྐྱོང་གི་ གནས་ཡུན་སྐབས་ འབད་མ་ཚུགས་པས་ཟེར་ སྐྱོན་བརྗོད་འབད་ཡི།
མོ་གིས་འབད་བ་ཅིན་ རྒྱ་འབྲུག་གི་ མཐུན་འབྲེལ་ཐད་ལུ་ལྷོདཔ་ད་ མི་སེར་དང་ སྲིད་དོན་ཚོགས་པ་ཚུ་གིས་ ངོས་ལེན་གཅིག་སྦེ་ འབད་དགོ་ཟེར་ཨིནམ་ད་ གལ་སྲིད་ རྒྱ་འབྲུག་གི་ མཐུན་འབྲེལ་དེ་ མེདཔ་བཏང་ཡོདཔ་ ངེས་བདེན་ཨིན་པ་ཅིན་ འདས་པའི་ལོ་༥ གི་རིང་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ཡོདཔ་ལས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ག་གིས་ཡང་ མཛུབ་མོ་དཔག་ཐབས་མེད་ཟེར་ མོ་གིས་ སླབ་ཅི།
མེ་རླུང་རྒྱ་རྫི་དང་ ས་མར་ཁུའི་ཐད་ལུ་ རྒྱ་གར་གཞུང་ལས་ ཉེན་བརྡ་ཅིག་ཨིནམ་སྦེ་ གོ་བ་ལེན་དགོཔ་ཅིག་ཨིན་མས་ཟེར་ རྟ་མགྲིན་དབང་མོ་གིས་ བཤད་ཅི།
ད་རུང་ ཡེ་ཤེས་སྦྱིན་པ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ལས་ རྒྱབ་སྐྱོར་ཐོབ་ཐབས་ལུ་ ལུང་ཕྱོགས་དང་ ཆོས་ལུགས་བཟུང་ནི་ལ་སོགས་པའི་ གནད་དོན་ཚུ་ སྲིད་དོན་གྱི་ ལག་ཆ་བཟུམ་སྦེ་ ལག་ལེན་འཐབ་མི་ལུ་ ཚ་གྱང་ཡོད་ཟེར་ གསལ་བཤད་འབད་ཡི།
རྩོད་བསྡུར་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ སྲིད་ཚོགས་དང་ མི་སེར་ཚུ་གིས་ གནད་དོན་ཆ་མཉམ་གྱི་ནང་ལས་ རྒྱལ་ཡོངས་མཐའ་དོན་ཚུ་ གོང་ལུ་བཀུར་དགོ་པའི་ གསོལ་འདེབས་དང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་གིས་ གདམ་ཁ་དེ་ མི་སེར་ཚུ་ལུ་ བཞག་དགོཔ་སྦེ་སླབ་སྟེ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

No comments:

Post a Comment