གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༠/༧/༢༠༡༣   དམངས་གཙོའི་རྒྱལ་ཁབ་སྦོམ་ཤོས་ཀྱིས་ ལགཔ་རྐྱབ་དོ་ཡོད་པའི་མངོན་གསལ།
༉ འབྲུག་པའི་མི་སེར་ཚུ་ སྤྱིར་བཏང་བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་བའི་ ནམ་དུས་ལུ་ འབྲུག་རྒྱལ་ཁབ་ཀྱི་ མཛའ་མཐུན་ཅན་དང་ ཆ་རོགས་གཅེས་ཤོས་ དེ་ལས་ ཁྱིམ་ཚང་ཉེ་ཤོས་ཅིག་ཨིན་མི་ རྒྱ་གར་གཞུང་གིས་ རྒྱལ་ཁབ་ནང་ བཞེས་སྒོ་འབད་ནིའི་ མེ་རླུང་གེསི་དང་ ས་མར་ཁུའི་ཕབ་ཆག་ཕྱིར་བཏོན་འབད་མི་ལུ་བརྟེན་ ཐོ་སྦོམ་སྦེ་ར་ཕོག་མི་ མི་སེར་མང་ཤོས་ར་ རྣམ་རྟོག་ལང་ཡོདཔ་ལས་ བློ་གཏད་པའི་མི་གིས་ ཧིང་རྐུ་བའི་ མངོན་གསལ་བྱུང་ནུག།


མི་སེར་ཚུ་ རྣམ་རྟོག་ལང་དགོ་མི་དེ་ཡང་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་༢ ཀྱི་བར་ན་ ཁ་ཉེས་དང་ སྐྱོན་བརྗོད་ཚུ་ བརྗེ་སོར་འབད་དེ་ སྲིད་འབྲེལ་གནས་སྟངས་ཁམས་ལོག་སི་སི་དང་ སྤུས་གཙང་མེདཔ་བཟོ་མི་ལུ་ལྟ་སྟེ་ ཁོང་ཁྲོ་ལང་ སེམས་ཕམ་བྱུང་པའི་ ནམ་དུས་ལུ་ འཛམ་གླིང་ནང་ དམངས་གཙོའི་རྒྱལ་ཁབ་སྦོམ་ཤོས་ཀྱིས་ འབྲུག་གི་བཙག་འཐུའི་ནང་ ལགཔ་རྐྱབ་ནི་དེ་གིས་ཨིན་མས།
ད་ལྟོ་ཚུན་ཚོད་ འབྲུག་དང་ རྒྱ་གར་གྱི་བར་ན་ ཕོ་རྒནམ་དང་ ནུ་གཅུང་བཟུམ་སྦེ་ འཆམ་ཏོག་ཏོ་དང་ གཅིག་གིས་གཅིག་ལུ་ བློ་གཏད་དང་ ཡིད་ཆེས་ཐོག་ལས་ སྡོད་ཡོདཔ་མ་ཚད་ རྒྱ་གར་གཞུང་གི་ ཁ་ཐུག་ལས་ ང་བཅས་ཀྱི་ རྒྱལ་ཁབ་ལུ་ བརྩེ་བའི་གྲོགས་རམ་རྒྱུན་མ་ཆད་པར་ གནང་ཡོདཔ་མ་ཚད་ དཔལ་འབྱོར་གོང་འཕེལ་ལུ་ མཉམ་འབྲེལ་གང་དྲག་མཛད་པའི་ བཀྲིན་ལས་བརྟེན་ འབྲུག་རྒྱལ་ཁབ་ཀྱི་ ནང་འཁོད་སྤྱིར་བསྡོམས་ཐོན་སྐྱེད་ཡར་སེང་སོང་ཡོདཔ་མ་ཚད་ འཛམ་གླིང་རྒྱལ་ཁབ་གོང་འཕེལ་དུམ་གྲ་ཅིག་ལས་བརྒལ་ མ་འགྱོ་བའི་ གནས་ཚད་ལས་ ཕྱིར་ཐོན་ཚུགས་ཡོདཔ་ཨིན།
དེ་མ་ཚད་ རྒྱ་གར་གཞུང་གིས་ ཆུ་ཁ་གློག་མེའི་ ཕབ་ཆག་དང་ ནང་ཁྲལ་སླར་ལོག་ཐོབ་སྲོལ་ཡོད་མི་དེ་ཡང་ ཕྱིར་བཏོན་འབད་ནི་ཨིན་པའི་ ལོ་རྒྱུས་ཡོདཔ་ལས་ དེ་གིས་ ལྷག་པར་དུ་ འབྲུག་མི་ཚུ་གི་སེམས་ལུ་ རྣམ་རྟོག་བཙུགསཔ་ཨིན་མས།
མ་གཞི་ རྒྱ་གར་གྱི་ དཔལ་འབྱོར་གནས་སྟངས་མར་ཉམས་སོང་ཡོདཔ་མ་ཚད་ ནང་འཁོད་སྤྱིར་བསྡོམས་ཐོན་སྐྱེད་ཀྱི་ ཚད་གཞི་ཡང་ འབྲུག་དང་ཕྱདཔ་ད་ དམའ་སུ་སྦེ་ཡོདཔ་ལས་ ཕབ་ཆག་ཚུ་ ཁོང་རའི་ རྒྱལ་ཁབ་ནང་ཡང་ ཕྱིར་བཏོན་འབད་དོ་ཡོདཔ་ཨིན་རུང་ མཐུན་འབྲེལ་ཅན་གྱི་ རྒྱལ་ཁབ་ཀྱིས་ རྒྱལ་ཁབ་འདི་ནང་ བཙག་འཐུའི་བྱ་རིམ་ འགོ་འདྲེན་འཐབ་པའི་ དུས་ཚོད་སྐབས་ གློ་བུར་དུ་ ངོས་ལེན་རྩུབ་དྲགས་འབད་མི་གིས་ འབྲུག་རྒྱལ་ཁབ་ཀྱི་ རང་བཙན་དང་ རང་དབང་ལུ་ བར་ཆད་རྐྱབ་དོ་བཟུམ་ཨིན་མས།
མི་སེར་དམངས་གཙོ་ཚོགས་པ་གིས་འབད་བ་ཅིན་ རྒྱ་གར་གྱིས་ ཕབ་ཆག་ཚུ་ ཆ་མེད་བཏང་མི་དེ་ འབྲུག་ཕུན་སུམ་ཚོགས་པ་གཞུང་གིས་ འདས་པའི་ལོ་༥ གི་རིང་ལུ་ རྒྱ་འབྲུག་གི་ མཐུན་འབྲེལ་མེདཔ་བཏང་ནི་དེ་གིས་ཨིནམ་སྦེ་ ཁ་ཉེས་བཀལཝ་ཨིན་མས།
དེ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ འདས་པའི་ལོ་༥ གི་རིང་ གཞུང་སྐྱོང་བའི་སྐབས་ རྒྱ་འབྲུག་གི་མཐུན་ལམ་འདི་ ལྷག་པར་དུ་ སྒྲིང་སྒྲིང་དང་ རྩ་བརྟན་བཟོ་ཡོདཔ་ལས་ མཐུན་འབྲེལ་མེདཔ་བཏང་ཡོད་པ་ཅིན་ གཞུང་སྐྱོང་གི་སྐབས་ལུ་ ལོ་རྒྱུས་ཐོན་དགོཔ་ཨིན་རུང་ གཞུང་རྩ་གྲོལ་བཏང་སྟེ་ ཟླཝ་༢ ཀྱི་རྒྱབ་ལས་ ཁ་བཏང་མི་དེ་ ག་གི་སྐྱོན་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་མས།
རྒྱ་འབྲུག་གི་ མཐུན་འབྲེལ་སྐོར་ ལོ་རྒྱུས་དང་པ་ར་ མོང་སྒར་འདེམས་ཁོངས་ཀྱི་ འདེམས་ངོ་༢ ཀྱི་བར་ན་ རྩོད་བསྡུར་འབད་བའི་སྐབས་ ཐོན་ཞིནམ་ལས་ཚུར་ སྲིད་ཚོགས་ཅིག་གིས་ ལག་ཆ་གཙོ་བོ་ཅིག་སྦེ་ ལག་ལེན་འཐབ་སྟེ་ བསྐུལ་བསྒྲགས་འབད་མི་ལུ་བརྟེན་ སྲིད་དོན་གནས་སྟངས་ ལྷག་པར་དུ་ སྐྱོ་དྲགས་ཅིག་ལུ་གྱུར་སོ་ཡི།
དེ་ལས་བརྟེན་ ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ཡང་ གནས་སྟངས་དེ་ལུ་ གོ་སྐབས་ལེན་ཐོག་ལས་ འབྲུག་གི་སྲིད་དོན་ནང་ ཐེ་གཏོགས་འབད་ཡོདཔ་མ་ཚད་ རྒྱ་གར་གྱི་ གསར་ཤོག་དང་ རྒྱང་མཐོང་ཚུ་ནང་ ཁོང་གིས་ འབྲུག་ལུ་ མེ་རླུང་གེསི་དང་ ས་མར་ཁུའི་ཕབ་ཆག་ཆ་མེད་བཏང་མི་དེ་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ རྒྱ་གར་ལས་ གནང་བ་མེད་པར་ རྒྱ་ནག་གི་ སྲིད་བློན་དང་མཇལ་ཕྲད་འབད་མི་ལུ་བརྟེན་ཨིནམ་སྦེ་བཀོད་ནུག།
རྒྱ་གར་གཞུང་ ཁོང་ཁྲོ་ལང་དགོ་མིའི་ གནད་དོན་གཞན་དེ་ འབྲུག་གི་གནམ་གྲུ་ ཧོང་ཀོང་ལུ་ བདུན་ཕྲག་རེ་ནང་ ཚར་གཉིས་རེ་ འཕུར་འགྲུལ་འབད་ནི་གི་ གྲོས་འཆར་བཟོ་མི་དང་ འབྲུག་གིས་ རྒྱ་ནག་ལས་ སྐྱེལ་འདྲེན་བཱསི་༢༠ ནང་འདྲེན་འབད་མི་ དེ་ལས་ འབྲུག་དང་ བི་རི་ཊིཤ་གི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་རྒྱ་བསྐྱེད་འབད་ནི་དེ་གིས་ཨིན་མས།
སྤྱི་ལོ་༢༠༠༧ ལུ་ རྒྱ་གར་དང་ འབྲུག་གི་བར་ན་ མཐུན་འབྲེལ་ཆིངས་ཡིག་བསྒྱུར་བཅོས་ཐོག་ དུས་མཐུན་བཟོ་མི་དེ་གིས་ འབྲུག་གིས་ འཛམ་གླིང་རྒྱལ་ཁབ་ཚུ་དང་ རང་དབང་ཐོག་ལས་ མཐུན་འབྲེལ་བཟོ་ཆོགཔ་བཞིན་དུ་ རྒྱ་ནག་དེ་ འབྲུག་གི་ཁྱིམ་མཚེས་རྒྱལ་ཁབ་སྦོམ་ཤོས་ཅིག་ཨིནམ་ལས་ མཐུན་འབྲེལ་ངེས་པར་དུ་བཟོ་དགོ།
འདི་འབདཝ་ལས་ འཛམ་གླིང་རྒྱལ་ཁབ་ཚུ་དང་ མཐུན་ལམ་བཟོ་ནི་ཨིན་ན་ ཡངན་ མི་བཟོ་ནིའི་ དབང་ཚད་དེ་ འབྲུག་པའི་མི་སེར་ཚུ་ལུ་ཡོདཔ་ལས་ རྒྱལ་ཁབ་ཀྱི་ རང་བཙན་ལུ་ སྲིད་ཚོགས་དང་ སྲིད་དོན་པ་ཚུ་ལོས་ཀྱང་ ཕྱིའི་རྒྱལ་ཁབ་ཀྱིས་ བརྩི་བཀུར་དང་ གུས་ཞབས་འབད་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment