གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཞིང་ཆུ་མེད་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༡༠/༧/༢༠༡༣   ༉ ད་རེས་ནངས་པ་ ལྕང་ལཱ་གི་དུས་ཚོད་ཨིནམ་བཞིན་དུ་ རྩི་རང་རྫོང་ཁག་ནང་ མི་སེར་སོ་ནམ་པ་མང་ཤོས་ཅིག་གིས་ ལྕང་ལཱ་ཚུ་ རྐྱབ་པའི་བསྒང་ཨིན་རུང་ དཀྱིལ་འཁོར་ཐང་རྒེད་འོག་ དུང་དཀར་ཆོས་གླིང་གཡུས་ཚན་ནང་བཟུམ་ཅིག་འབད་བ་ཅིན་ སེམས་ཕམ་སྟེ་ཡོད་ཟེར་ ཨིན་མི་དེ་ཡང་ འདས་པའི་ལོ་༣ དེ་ཅིག་གི་ཧེ་མ་ལས་ ཞིང་ཆུ་མེད་མི་ལུ་བརྟེན་ཨིན་པས།
ལྕང་ལཱ་རྐྱབ་མ་ཚུགས་པར་ལུས་མི་ ཆུ་ཞིང་ཚུ།


ས་ཆ་ཨེ་ཀར་༥ ཆ་མཉམ་ ཆུ་ཞིང་ཨིན་མི་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ འབྱ་འཛུགས་སྐྱོང་འབད་ནིའི་དོན་ལུ་ ཆུ་མེད་མི་ལུ་བརྟེན་ ཁོ་གིས་ ཞིང་ག་ར་ གེ་ཟ་འཛུགས་སྐྱོང་འབད་ཡི་ཟེར་ཨིན་པས།
ཆུ་ཞིང་ ས་ཆ་ཨེ་ཀར་༤ ལྷགཔ་ཅིག་ཡོད་མི་ ཀརྨ་ལྷམོ་གིས་ སླབ་མིའི་ནང་ ཆུ་ཞིང་ཚུ་ སྐམ་ཞིང་ལུ་ བསྒྱུར་བཅོས་འབད་ནིའི་གོ་སྐབས་ཐོབ་པ་ཅིན་ ཁྱིམ་སའི་དོན་ལུ་ ཨ་ལུ་ཚུ་ལུ་ སྐལ་བགོ་བྱིན་ནི་ལུ་ཡང་ ཕན་ཐོགས་ འབྱུང་ནི་མས་ཟེར་ཨིན་པས།
ཆུ་ཞིང་ཨེ་ཀར་ཕྱེད་དང་༣ དེ་ཅིག་ཡོད་མི་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ རྩི་རང་དེ་ ཚོད་བསྲེ་གི་ཐོན་སྐྱེད་ནང་ མིང་གཏམ་ཅན་གྱི་རྫོང་ཁག་ཅིག་འབདཝ་ལས་ ཁོ་ར་ ཧེ་མ་ སོ་ནམ་ལྷན་ཁག་ནང་ ལོ་༣༢ དེ་ཅིག་ ཕྱག་ཞུ་བའི་ཉམས་མྱོང་དང་བསྟུན་ ཚོད་བསྲེ་གི་རིགས་མ་འདྲཝ་ཚུ་ འཛུགས་སྐྱོང་འབད་ནིའི་མནོ་བསམ་ཡོད་རུང་ ཆུ་མེད་མི་ལུ་བརྟེན་ ལཱ་འབད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ས་ཞིང་ནང་ ཚོད་བསྲེ་ལེགས་ཤོམ་མེད་དེ་འབད་རུང་ ཞིང་སྟོངམ་ལུས་ཏེ་ ཚལ་མ་ འགྱོ་མི་བཅུག་ནིའི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་ཨིན་ཟེར་ཨིན་པས།
མི་སེར་དག་པ་ཅིག་གིས་ གནམ་བྱཱར་ཆརཔ་གི་ཆུ་ལག་ལེན་འཐབ་སྟེ་ ཆུ་ཞིང་ཆ་ཤས་ཅིག་ནང་ ལྕང་ལཱ་དུམ་གྲ་རེ་རྐྱབ་དོ་ཡོད་རུང་ ལ་ལུ་ཅིག་གིས་ ས་ཆ་ཚུ་སྟོངམ་སྦེ་ བཞག་ཡོདཔ་ཨིན་པས།
འགྲམ་ཕུག་ཁྲོམ་གྱི་ ཉེ་འདབས་ལུ་ཡོད་མི་ དུང་དཀར་ཆོས་གླིང་གཡུས་ཚན་ནང་ ཞིང་ཆུའི་དཀའ་ངལ་ཡོད་མི་ ཁྱིམ་གུང་པ་༣༠ ལྷགཔ་ཅིག་ཡོདཔ་ད་ ཁྱིམ་གུང་པ་རེ་ལུ་ ཆུ་ཞིང་ཉུང་ཤོས་ཨེ་ཀར་༢ རེ་ ཡོདཔ་ཨིན་པས།
མི་སེར་སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གཡུས་ཚན་དེ་ནང་ལས་ ཀི་ལོ་མི་ཊར་དག་པ་ཅིག་གི་ས་གནས་ མ་ཇུ་བ་ཟེར་ས་ལུ་ རོང་ཆུ་ཆུང་ཀུ་ཅིག་ཐོན་ཡོད་མིའི་ནང་ལས་ ཆུ་གཡུར་བཟོ་སྟེ་ ཆུ་འཐེན་མི་ལུ་བརྟེན་ ལྕང་ལཱ་ཚུ་ རྒྱུན་མ་ཆད་པར་རྐྱབ་བཞིན་དུ་ར་ཡོད་རུང་ སྤྱི་ལོ་༢༠༠༩ ལས་འགོ་བཙུགས་ རོང་ཆུ་དེ་ནང་ལས་ ཆུ་དེ་ འགྲམ་ཕུག་འབྲིང་རིམ་སློབ་གྲྭ་ཆེ་བ་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ཡིག་ཚང་ དེ་ལས་ སྒོ་སེར་གླིང་རྒེད་འོག་གི་དོན་ལུ་ འཐུང་ཆུ་སྦེ་ བགོ་བཀྲམ་འབད་ཞིནམ་ལས་ ཆུ་མ་ལང་མ་ཚུགས་པའི་དཀའ་ངལ་ ཐོན་ཡི་ཟེར་ཨིན་པས།
ཁོང་གིས་སླབ་མིའི་ནང་ གཡུས་ཚན་དེ་ནང་ འཐུང་ཆུ་ཡང་ ལངམ་མེདཔ་མ་ཚད་ ཉེ་འདབས་ལུ་ ཆུའི་རྐ་ཡང་མེདཔ་ལས་ ཞིང་ཆུ་ཅིག་ལེགས་ཤོམ་སྦེ་གཏོན་དགོཔ་ད་ དེ་མིན་ ཁོང་གི་ཆུ་ཞིང་ཚུ་ སྐམ་ཞིང་ལུ་ འགྱུར་བཅོས་འབད་ཆོག་པའི་གནང་བ་གནང་པ་ཅིན་ ཕན་ཐོགས་ནི་མས་ཟེར་ཨིན་པས།
གཡུས་ཚན་དེ་ ཁྲོམ་གྱི་ཉེ་འདབས་ལུ་ཡོདཔ་ལས་ ད་རེས་ནངས་པ་ ཁྲོམ་ཁར་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ཡོད་མི་ལུ་བརྟེན་ སྐམ་ཞིང་གུ་ བསྒྱུར་བཅོས་འབད་ནིའི་ གནང་བ་ཡོད་པ་ཅིན་ ཁང་གླ་ཁར་བྱིན་ནིའི་དོན་ལུ་ སྡོད་ཁྱིམ་ཚུ་ རྐྱབ་ནིའི་རེ་བ་ཡོད་ཟེར་ཨིན་པས།
དུང་དཀར་ཆོས་གླིང་ཚོགས་པ་ ཚེ་བརྟན་གྱིས་སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ རྫོང་ཁག་དང་ རྒེད་འོག་གི་ འགོ་དཔོན་ཚུ་དང་གཅིག་ཁར་ བསྟུན་གྲོས་འབད་ཡོདཔ་ད་ ད་རེས་ཀྱི་ རྒེད་འོག་ཡར་རྒྱས་ཚོགས་ཆུང་ནང་ཡང་ གནད་དོན་དེ་གི་སྐོར་ལས་ གྲོས་གཞི་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་བ་ཅིན་ ཁོང་གི་དཀའ་ངལ་དེ་ འཕྲལ་མགྱོགས་ར་ གཞི་བཙུགས་འབད་ནི་ཨིན་མི་ གཞུང་གསརཔ་གིས་ སེལ་ཚུགས་འོང་མནོ་བའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment