གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐོམ་ཕུ་ལུ་ བདུན་ཕྲག་༡ ནང་ རོ་ཁྱི་༦༠༠ དེ་ཅིག་ གཤག་བཅོས་འབད་ཡོདཔ།

༡༠/༧/༢༠༡༣   ༉ རྒྱལ་ས་ལྟེ་བ་ལུ་ རོ་ཁྱི་སྟབས་གཅིག་ཁར་ གཤག་བཅོས་དང་ སྨན་ཁབ་བཙུགས་ནི་ སྨན་བཅོས་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ བདུན་ཕྲག་༡ ནང་ རོ་ཁྱི་༦༠༠ དེ་ཅིག་ གཤག་བཅོས་དང་ སྨན་བཅོས་འབད་ཡོདཔ་ཨིན་པས།
གཤག་བཅོས་འབད་མི་ རོ་ཁྱི་ཚུ།


ཆུ་བར་ཆུ་ སྒོ་ནོར་འཕྲོད་བསྟེན་སྨན་ཁང་ནང་ ཉིནམ་རེ་ལུ་ ཉུང་ཤོས་ རོ་ཁྱི་༩༠ དེ་རེ་ གཤག་བཅོས་དང་ སྨན་བཅོས་ཚུ་འབད་དོ་ཡོདཔ་ལས་ ཉིནམ་གཅིག་ལུ་ ཟད་འགྲོ་དངུལ་ཀྲམ་༦༡༥ དེ་རེ་གནས་དོ་ཡོདཔ་ཨིན་པས།
སྨན་ཁང་གི་ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ཟླ་༧ པའི་ཚེས་༦ ཚུན་ རོ་ཁྱི་༥༣༢ གཤག་བཅོས་དང་ སྨན་བཅོས་འབད་ཡོད་པའི་གྲས་ལས་༢༧༣ དེ་ རོ་ཁྱི་ཕོ་དང་༢༥༩ མོ་ཁྱི་ཚུ་ཨིནམ་བཞིན་དུ་ ཡོངས་བསྡོམས་སྤྱང་ཁྱི་༤༡༦ དང་ བྱི་ལུ་༩ ལུ་གཤག་བཅོས་དང་ སྨན་བཅོས་ཚུ་འབད་ཡོདཔ་ཨིན་པས།
རོ་ཁྱི་སྟབས་གཅིག་ཁར་ གཤག་བཅོས་དང་སྨན་བཅོས་འབད་མི་ ལས་འགུལ་གྱི་འགོ་འདྲེན་པ་ ཨེན་ཏོ་ནི་ བེཌ་ལེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་གི་དོན་ལུ་ ལཱ་འབད་མི་ལས་བྱེདཔ་༣༠ ཡོད་ཟེར་ཨིནམ་ད་ རོ་ཁྱི་བཟུང་མིའི་སྡེ་ཚན་དང་ སྨན་ཁབ་བཙུགས་མི་སྡེ་ཚན་ དེ་ལས་ གཤག་བཅོས་འབད་མིའི་སྡེ་ཚན་སྦེ་ ཁག་དབྱེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འགུལ་དེ་ ཉིནམ་གྲངས་༢༤ གི་དོན་ལུ་ཨིན་ཟེར་ཨིན་རུང་ ག་དེམ་ཅིག་སྦེ་ མ་དངུལ་གྱི་ ལང་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ ཉིན་གྲངས་༣༠ གི་རིང་ལུ་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
དེ་མ་ཚད་ རོ་ཁྱི་ཡོངས་བསྡོམས་༤༠༠༠ དེ་ཅིག་སྨན་བཅོས་དང་ གཤག་བཅོས་འབད་ནི་ལུ་ དམིགས་གཏད་བསྐྱེད་དོ་ཟེར་ཨིནམ་ད་ རོ་ཁྱི་བཟུང་མིའི་ སྡེ་ཚན་ནང་ མི་ངོ་༤ རེ་འབད་མི་ཚུ་གིས་ ཨ་རྟག་ར་ དྲོ་པའི་ཆུ་ཚོད་༦:༣༠ ལས་ འགོ་བཙུགས་ རོ་ཁྱི་བཟུང་པར་ འགྱོ་དོ་ཡོདཔ་ཨིན་པས།
པེ་རེམ་ཀུ་མར་གྱིས་ སླབ་མིའི་ནང་ རོ་ཁྱི་བཟུང་ནི་གི་ལཱ་དེ་ འཇམ་ཏོང་ཏོ་ཅིག་མིན་འདུག་ཟེར་ཨིན་མི་དེ་ཡང་ རོ་ཁྱི་བཟུང་ནིའི་དོན་ལུ་ ཧེ་མ་ལས་ དམིགས་གཏད་བསྐྱེད་དེ་ འཆར་གཞི་བརྩམས་ཞིནམ་ལས་རྐྱངམ་གཅིག་ བཟུང་དགོ་པས་ཟེར་ཨིན་པས།
ལས་འགུལ་དེ་གིས་ རོ་ཁྱི་འཛིན་བཟུང་འབད་ནི་གི་ སྣུམ་འཁོར་ཊག་༣ ལག་ལེན་འཐབ་དོ་ཡོདཔ་བཞིན་དུ་ སྣུམ་འཁོར་ཚུ་གིས་ སྒོ་ནོར་འཕྲོད་བསྟེན་སྨན་ཁང་ནང་ རོ་ཁྱི་ཐེངས་༢ བསྐྱལ་དོ་ཡོདཔ་ཨིན་པས།
གཤག་བཅོས་འགོ་མ་བཙུགས་པའི་ཧེ་མར་ རོ་ཁྱི་ངོས་འཛིན་འབད་ནིའི་དོན་ལུ་ རྣམ་ཅོག་གི་སྤྱི་ཏོག་༡ བཏོག་བཀོག་ཞིནམ་ལས་ གཤག་བཅོས་ཀྱི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ད་ དེ་སྦེ་བཏོག་བཀོག་དགོ་མི་དེ་ཡང་ རོ་ཁྱི་དེ་ གཤག་བཅོས་འབད་ཡོད་པའི་ ངོས་འཛིན་ལུ་ ཨིན་ཟེར་ཨིན་པས།
རོ་ཁྱི་གཤག་བཅོས་འབད་མི་ སྨན་པ་༦ ཡོད་རུང་ རོ་ཁྱི་མོ་ གཤག་བཅོས་འབད་ནི་གི་དོན་ལུ་ དུས་ཡུན་སྐར་མ་༡༥ དེ་རེ་ འགོར་དོ་ཡོདཔ་ད་ རོ་ཁྱི་ཕོ་ གཤག་བཅོས་འབད་ནི་ལུ་ དུས་ཚོད་ལེ་ཤ་མི་འགོར་དོ་ཡོདཔ་ཨིན་པས།
གཤག་བཅོས་འབད་ཚརཝ་ཅིག་ རོ་ཁྱི་ཚུ་ སྨན་བཅོས་འབད་སའི་ས་ཁོངས་ནང་བསྐྱལ་ཞིནམ་ལས་ ལྟོ་བྱིན་པའི་ཤུལ་ལུ་ དུས་ཡུན་དུམ་གྲ་ཅིག་ ངལ་འཚོ་བཞག་དོ་ཡོདཔ་ཨིན་པས།
རོ་ཁྱི་གཤག་བཅོས་འབད་མི་ཅིག་ཨིན་མི་ དོག་ཊར་ཉི་མ་གིས་སླབ་མིའི་ནང་ རོ་ཁྱི་ཚུ་ གཤག་བཅོས་འབད་ཞིནམ་ལས་ དྲག་ནི་གི་དོན་ལུ་ དུས་ཡུན་སྐར་མ་༣༠ ལས་ ཆུ་ཚོད་༢ དེ་ཅིག་འགོརཝ་མས་ཟེར་ཨིན་པས།
རོ་ཁྱི་གཤག་བཅོས་དང་ སྨན་ཁབ་ཀྱི་དོན་ལས་ མ་དངུལ་དངུལ་ཀྲམ་ས་ཡ་༢༠ ཡོདཔ་བཞིན་དུ་ དངུལ་ཀྲམ་༥༠༠,༠༠༠ དེ་ མི་མང་ལུ་ བརྡ་བརྒྱུད་ཀྱི་ཐོག་ལས་ གོ་བ་བརྡ་སྤྲོད་སྤེལ་ཐབས་ལུ་ཨིནམ་ད་ དངུལ་ཀྲམ་༡༠༠,༠༠༠ དེ་ མར་ཁུ་དང་་ བཞེས་སྒོ་གི་དོན་ལུ་ བཞག་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment