གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པ་གིས་ བུམ་ཐང་ལུ་ ཉོགས་བཤད་ཡི་གུ་ འགོ་དང་པ་བཙུགས་ཡོདཔ།

༥/༧/༢༠༡༣   ༉ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་དེ་ རྩ་གྲོལ་མ་འགྱོ་བའི་ཉིནམ་༡ གི་ཧེ་མར་ བུམ་ཐང་རྫོང་ཁག་གིས་ བཙག་འཐུ་དང་འབྲེལ་བའི་ ཉོགས་བཤད་ཡི་གུ་ འགོ་དང་པ་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་བཙུགས་ཡོདཔ་ཨིན་པས།


ཉོགས་བཤད་ཡི་གུ་དེ་ཡང་ མི་སེར་དམངས་གཙོ་ཚོགས་པ་གིས་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ལུ་ བཙུགས་ཡོདཔ་ད་ དེ་ཡང་ བུམ་ཐང་ཆུ་སྨད་ལུ་ འབྲུག་ཕུན་སུམ་ཚོགས་པའི་ འཛོམས་འདུ་ཚོགས་པའི་སྐབས་ ཤེས་ཅི་མཐོང་ཅི་ར་ དམའ་ཕབ་འབད་མིའི་ཐད་ཁར་ཨིན་པས།
འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ མི་སེར་ཚུ་ལུ་ བུམ་ཐང་ལས་ ཡ་ཁྲ་ཐོན་སྐྱེད་འབད་མི་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་ལུ་ ཡ་ཁྲའི་སྐུདཔ་བྱིན་མ་བཏུབ་མ་ཚད་ ཡ་ཁྲ་མཇུག་བསྡུ་ཚར་མི་ཚུ་ཡང་ མཁོ་སྒྲུབ་འབད་མ་བཏུབ་ཟེར་ཨིན་པས།
ཉོགས་བཤད་ཡི་གུ་དང་འཁྲིལཝ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ ཆུ་སྨད་རྒེད་འོག་གི་ མི་སེར་ཚུ་ལུ་ ཞལ་འཛོམས་ཀྱི་ གསལ་བཤད་ནང་ ཡ་ཁྲ་ཐོན་སྐྱེད་འབད་མི་ཇོ་བདག་ མཐོང་མེད་ཡེ་ཤེས་ལུ་ དམའ་ཕབ་རྐྱབ་མས་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་ལུ་ ཡ་ཁྲ་འཐག་ལས་ཀྱི་ ཅ་ཆས་ཚུ་ ཁོང་གིས་ བཀྲམ་སྤེལ་འབད་བྱིན་ནི་ཨིནམ་མ་ཚད་ ད་ལས་ཕར་ ཡ་ཁྲ་ཐོན་སྐྱེད་འབད་མི་དེ་ལུ་ སྤྲོད་མི་དགོ་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ སེམས་ཤུགས་ཐོག་ལས་ སླབ་མི་དེ་ དམངས་གཙོའི་རིང་ལུགས་སྒྲིང་སྒྲིང་བཞག་ནི་ལུ་ ཉེན་འཚུབ་ཅིག་ཨིན་མས་ཟེར་ ཚོགས་པའི་གཙོ་འཛིན་གྱིས་ སླབ་ནུག་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ བསྐུལ་བསྒྲགས་འབད་བའི་སྐབས་ དེ་ནང་འོང་མི་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་སྡེ་ཚན་༡ གིས་ གཙོ་འཛིན་གྱི་ གསལ་བཤད་དེ་ སྒྲ་བཟུང་སྟེ་ བཞག་ནུག་ཟེར་ཨིན་པས།
མ་གཞི་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ ཡ་ཁྲ་ཐོན་སྐྱེད་འབད་མི་ ཇོ་བདག་དེ་གི་ མིང་བཏོན་ཏེ་ མ་སླབ་ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་སྨད་དེ་ ཡ་ཁྲ་ཐོན་སྐྱེད་འབད་མི་ ཇོ་བདག་༢ ཡོད་མི་ལས་ གཅིགཔོ་དེ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཨིནམ་ལས་ ཇོ་བདག་མཐོང་མེད་ཡེ་ཤེས་ལུ་ཡང་ སླབ་སླབ་འོང་ཟེར་ཨིན་པས།
མཐོང་མེད་ཡེ་ཤེས་ཀྱི་བུ་ འཇིགས་མེད་དབང་རྒྱལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཡ་ཁྲ་ཐོན་སྐྱེད་འབད་མི་༢ ཡོད་མི་ནང་ལས་ གཅིགཔོ་དེ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཨིནམ་ལས་ གཞན་མི་ ཡ་ཁྲ་ཐོན་སྐྱེད་འབད་མི་དེ་ ཁོ་གི་ཨ་པ་ཨིནམ་ལས་ ཚོགས་པའི་གཙོ་འཛིན་གྱིས་ ཁོ་གི་ཨ་པ་ལུ་ཡང་ སླབ་མི་དེ་ ངེས་བདེན་ཨིན་ཟེར་ཨིན་པས།
ཆུ་སྨད་ལུ་ འབྲུག་ཕུན་སུམ་ཚོགས་པའི་ འཛོམས་འདུ་མཇུག་བསྡུཝ་ཅིག་ མི་སེར་ལེ་ཤ་ཅིག་གིས་ར་ ཁོ་ལུ་ བརྒྱུད་འཕྲིན་ལྷོད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཡ་ཁྲ་ག་གིས་འབག་འོང་རུང་ འབག་མ་འོང་ཟེར་ སླབ་སླབ་ར་མེད་ཟེར་ཨིནམ་ད་ འཕྲལ་ཁམས་ཅིག་ལས་ ཡ་ཁྲ་བཀྲམ་སྤེལ་འབད་མི་ཚུ་ལུ་ ཏི་རུ་ལགཔ་ཁར་ སྤྲོད་དགོཔ་ཐོན་ནི་དེ་གིས་ ཡ་ཁྲ་འཐག་ནི་གི་སྐུདཔ་ བུ་ལོན་ནང་བྱིན་ནི་དེ་ བཞག་ད་ཡི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment