གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་གསུག་གི་བྱ་སྤྱོད་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཉེས་ཆད་བཀལ་ཡོདཔ།

༥/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༣ ལུ་ མོང་སྒར་རྫོང་ཁག་བཙག་འཐུའི་ རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ མོང་སྒར་རྒེད་འོག་ སྟག་ཆུ་གཡུས་ཚན་ལས་ཨིན་མི་ བསོད་ནམས་རྡོ་རྗེ་ལུ་ མོང་སྒར་ ཙ་ཀ་གླིང་རྒེད་འོག་གི་ མི་སེར་༣ ལུ་ ནང་གསུག་བྱིན་ཡོད་མི་ལུ་བརྟེན་ ཉེས་ཆད་ དངུལ་ཀྲམ་༣,༠༠༠ བཀལ་ཡོདཔ་ཨིན་པས།
བཙག་འཐུ་འགོ་དཔོན་གྱིས་ གོ་ལ་ཚུ་ལུ་ བལྟ་ཞིབ་འབད་བའི་བསྒང་།


དེ་ཡང་ བསོད་ནམས་རྡོ་རྗེ་གིས་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ཙ་ཀ་གླིང་རྒེད་འོག་ནང་ སོང་ཞིནམ་ལས་ མི་༣ ལུ་ གོ་ལ་རེ་དང་ དངུལ་ཀྲམ་༡༧༠༠ བྱིན་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པའི་ རྫོང་ཁག་ཚོགས་པའི་འགོ་འདྲེན་པ་ རྡོ་རྗེ་ལས་སྐྱིད་ཀྱིས་ གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་༧ པའི་ཚེས་༡ ལུ་ རྫོང་ཁག་ བཙག་འཐུ་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་ལུ་ ཉོགས་བཤད་ཡི་གུ་བཙུགས་པའི་ཤུལ་ལུ་ ངོས་འཛིན་འབད་དེ་ ཉེས་ཆད་བཀལ་ཡོདཔ་ཨིན་པས།
བཙག་འཐུ་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་འབད་རུང་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་བའི་སྐབས་ གོ་དང་ དངུལ་ཀྲམ་ བྱིན་ཡོདཔ་ངེས་བདེན་ཨིནམ་ལས་ ཁོ་གིས་ ནང་གསུག་བྱིན་མིའི་ གོ་དང་ དངུལ་ཚུ་ ལོག་ལེན་ཡོདཔ་ཨིན་པས།
ཉོགས་བཤད་ནང་བཀོད་དོ་བཟུམ་འབད་བ་ཅིན་ དངུལ་བྱིན་མི་ཚུ་ བསོད་ནམས་རྡོ་རྗེ་གི་ ཨ་ཞང་ངོ་མ་ཨིན་རུང་ ཧེ་མ་ལས་ ད་ལྟོའི་བར་ན་ གཅིག་གིས་ཅིག་ལུ་ བརྩེ་བའི་འདུ་ཤེས་ ཐ་ན་ བརྒྱུད་འཕྲིན་ནང་ཡང་ཕྱད་ནི་མེད་པར་ ལོ་ལེ་ཤ་སོང་ཡོདཔ་ལས་བརྟེན་ ད་ལྟོ་ཕྱད་པའི་སྐབས་ལུ་ ངོ་མི་ཤེས་པས་ཟེར་ཨིནམ་ལས་ ད་རེས་ནངས་པ་ ཚོགས་རྒྱན་གྱི་དོན་ལུ་ གཡུས་ཁ་འོང་སྟེ་ ཁྱིམ་ནང་ཡང་མ་འགྱོ་བར་ ས་གནས་ཅིག་ནང་འབོ་སྟེ་ ཚོགས་རྒྱན་བཙུགས་དགོ་པའི་སྐོར་ལས་ སླབ་ནུག་ཟེར་ཨིན་པས།
གོ་གཅིག་དང་ དངུལ་ཀྲམ་༥༠༠ ལེན་མི་ ཚེ་རིང་གིས་ ངག་བརྗོད་དང་འཁྲིལཝ་ད་ བསོད་ནམས་རྡོ་རྗེ་ཁོ་ར་ མི་སེར་དམངས་གཙོ་ཚོགས་པ་ཨིན་ཟེར་ གཡུས་ཁ་ལུ་ འོང་ཡོདཔ་མ་ཚད་ ཚོགས་རྒྱན་ཡང་ མི་སེར་དམངས་གཙོ་ཚོགས་པ་ལུ་བཙུགས་པ་ཅིན་ གནམ་གྲུ་དང་ འཕྲུལ་གླང་པཱ་ཝར་ཊི་ལར་ དེ་ལས་ ས་ཞིང་མེད་མི་ལུ་ འཐུས་དང་ ས་ཚབ་ཚུ་འཐོབ་ཟེར་ སླབ་ཅི་ཟེར་ཨིན་པས།
ནང་གསུག་ལེན་མི་ ལེགས་སྐྱིད་ཀྱིས་ སླབ་མིའི་ནང་ ཁོ་གིས་ཡང་ དངུལ་དང་ གོ་ལ་ཚུ་ ལེན་ཡོདཔ་ལས་ ཚོགས་རྒྱན་དེ་ ག་ལུ་བཙུགས་ནི་ཨིན་ན་ སླབ་ནི་མེད་རུང་ ཁོ་ར་ མི་སེར་དམངས་གཙོ་ཚོགས་པ་ནང་ཨིན་ཟེར་ སླབ་མས་ཟེར་ཨིན་པས།
དངུལ་ཀྲམ་༧༠༠ དང་ གོ་ལ་ལེན་མི་ རྡོ་རྗེ་གིས་ ངག་བརྗོད་དང་འཁྲིལ་བ་ཅིན་ བསོད་ནམས་རྡོ་རྗེ་གིས་ ཁོ་ལུ་ ཚོགས་རྒྱན་ག་ལུ་བཙུགས་ནི་སྨོ་ཟེར་དྲིསཝ་ད་ ཁོ་གིས་ ཀརྨ་ལྷ་མོ་ལུ་བཙུགས་ནི་ཟེར་སླབ་པའི་ཤུལ་ལུ་ ཁོ་ར་ལོག་སོང་ཡི་ཟེར་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ ཐིམ་ཕུ་ལས་ གཡུས་ཁ་འོང་པའི་སྐབས་ལུ་ ཨ་ཞང་ཚུ་ ཕྱད་པར་སོང་ཞིནམ་ལས་ གོ་དང་ དངུལ་སྤྲོད་ཅི་ཟེར་ཨིནམ་ད་ ཚོགས་རྒྱན་གྱི་དོན་ལུ་ སྲིད་དོན་ཚོགས་པ་དང་ འབྲེལ་བ་མེད་ཟེར་ཨིནམ་ད་ ཁོ་གིས་ རྒྱུ་ཆས་སྤྲོད་མི་དེ་ཡང་ ཁོ་རའི་ཨ་ཞང་ངོ་མ་ཨིནམ་ལས་བརྟེན་ ཨིན་ཟེར་ཨིན་པས།
བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ བསོད་ནམས་རྡོ་རྗེ་གིས་ མི་༣ ལུ་ དངུལ་ཀྲམ་༡༧༠༠ དང་ གོ་རེ་ བྱིན་ཡོདཔ་ལས་ མི་སེར་ཚུ་ལུ་ ཐད་ཀར་དུ་ བར་དཀྲོགས་རྐྱབ་ཡོད་པའི་ངོས་འཛིན་བྱུང་ཡོདཔ་ལས་ དེ་བཟུམ་གྱི་ བྱ་སྤྱོད་དེ་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ལས་འགལ་བ་ཡོདཔ་མ་ཚད་ འབྲུག་གི་བཙག་འཐུའི་ རྩོད་རྙོགས་སེལ་ཐབས་ བཅའ་ཡིག་དང་ སྒྲིག་གཞི་ལས་ཡང་ འགལ་བ་ཨིནམ་ལས་ རྒྱལ་ཡོངས་ལས་མི་གླ་ཆའི་ཚད་གཞི་དང་འཁྲིལ་ ཉིན་གྲངས་༣༠ འི་རིང་ལུ་ དངུལ་ཀྲམ་༣༠༠༠ ཉེས་ཆད་བཀལ་ཡོདཔ་ད་ རྒྱུ་ཅ་ལ་ཚུ་ཡང་ གཞུང་བཞེས་འབད་ཡོདཔ་ཨིན་པས།
ཨིན་རུང་ རྩོད་རྩ་དང་ རྩོད་ཟླ་ག་གི་ཧོངས་ལས་འབད་རུང་ ཁེ་རྒུད་མ་བཏུབ་པ་ཅིན་ ཉིན་གྲངས་༥ གི་ནང་འཁོད་ལུ་ གཞུང་ལྟེ་བ་ལུ་ཡོད་པའི་ བཙག་འཐུ་རྩོད་རྙོགས་སེལ་ཐབས་ཚོགས་སྡེ་ནང་ མཐོ་གཏུགས་འབད་ཆོག་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment