གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀིངསི་ཀ་ལབ་ ཕུཊ་བཱོལ་རྩེད་འགྲན་གྱི་དོན་ལས་ བཅའ་སྒྲིག་ཚུ་ ཧ་ལམ་ཚུད་ཡོདཔ།

༡༠/༧/༢༠༡༣   ༉ རྒྱལ་ཁབ་ནང་ ཀིངསི་ཀ་ལབ་ཕུཊ༌བཱོལ་འགྲན་བསྡུར་དེ་ འོད་ཟེར་ལས་སྡེ་གིས་ ཉེན་སྲུང་དང་ལྡན་པའི་སྒོ་ལས་ འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ ཧ་ལམ་ གྲ་སྒྲིག་སོང་ཡོདཔ་ཨིན་པས།
དེ་ཡང་ འོད་ཟེར་ལས་སྡེའི་གཙོ་འཛིན་འགོ་དཔོན་ ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ རྩེད་འགྲན་དེ་ སྤྲོ་བ་ཆེ་ཏོག་ཏོ་དང་ ཚུལ་ལྡན་གྱི་སྒོ་ལས་ མཇུག་བསྡུ་ཚུགས་ནིའི་དོན་ལས་ ལྟདམོ་ལྟ་བར་འོང་མི་ ཚུ་གི་དོན་ལུ་ བདེ་སྒྲིག་བཟོ་ཡོད་མི་ཚུ་ཡང་ མི་ཆེ་རིམ་ཚུ་གི་དོན་ལུ་ ཕུཊ་བཱོལ་རྩེད་འགྲན་འབད་སའི་ ཁང་མིག་ནང་སྦེ་ ས་གོ་ངོས་འཛིན་འབད་ཡོདཔ་མ་ཚད་ འགོ་འདྲེན་འཐབ་མི་དང་ ལས་བྱེདཔ་ བརྡ་བརྒྱུདཔ་ཚུ་ལུ་ ངོས་འཛིན་གྱི་ངོ་པར་རེ་ བཟོ་ཡི་ཟེར་ཨིན་པས།



སྤྱིར་བཏང་ ལྟདམོ་ལྟ་མི་ཚུ་གི་དོན་ལུ་ ཕུཊ་བཱོལ་རྩེད་ཐང་ནང་ འགྲོ་འགྲུལ་འབད་མ་ཆོག་པའི་ཁར་ རང་སོའི་ས་གོ་ངོས་འཛིན་འབད་སར་ སྡོད་ནི་མ་གཏོགས་ ཕར་ཚུར་འགྱོ་མ་ཆོག་པའི་ ལམ་ལུགས་ཚུ་ བཟོ་ཡོདཔ་ཨིན་ཟེར་ཨིན་པས།
ཨིན་རུང་ བརྡ་བརྒྱུདཔ་དང་ འགོ་འདྲེན་འཐབ་མི་ དེ་ལས་ འབྲེལ་བ་ཡོད་པའི་འགོ་དཔོན་ཚུ་མ་གཏོགས་ གཞན་མི་ཚུ་ ཕར་ཚུར་རྒྱུན་འགྲུལ་འཐབ་མ་ཆོགཔ་ལས་ རྩེད་འགྲན་ནང་ བཅའ་མར་གཏོགས་མི་ཚུ་ཡང་ འགྲན་བསྡུར་འབད་བའི་སྐབས་རྐྱངམ་གཅིག་ རྩེད་ཐང་ནང་ འཛུལ་ཞུགས་འབད་ནི་མ་གཏོགས་ སྤྱིར་བཏང་ལྟདམོ་ལྟ་སའི་ས་ཁོངས་ནང་ སྡོད་དགོ་ནི་ཨིན་པས།
དེ་ཚུ་ ཞིབ་དཔྱད་འབད་ནིའི་དོན་ལུ་ ཁྲིམས་སྲུང་འགག་སྡེ་དང་ སྒེར་སྡེ་ནང་ ལཱ་འབད་མི་ སྲུང་རྒྱབ་ དེ་ལས་ ཁས་བླངས་སྡེ་ཚན་༥༠ དེ་ཅིག་གིས་ ཉིན་བསྟར་བཞིན་དུ་ ལྟ་རྟོག་འབད་ནི་ཨིནམ་ད་ དེ་སྦེ་ འབད་དགོ་མི་དེ་ཡང་ ཕྱི་མི་ཚུ་གི་གདོང་ཁར་ འབྲུག་པའི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ མི་ཨིན་པས་ཟེར་བའི་ ངོས་ལེན་འབད་ཐབས་དང་ འབྲུག་པའི་རང་ལུགས་བདག་འཛིན་འཐབ་ནི་ དེ་ལས་ རྩེད་འགྲན་ལེགས་ཤོམ་སྦེ་ མཇུག་བསྡུ་ཚུགས་ནིའི་དོན་ལུ་ ཨིན་ཟེར་ སླབ་ཨིན་པས།
ཀུན་བཟང་དབང་འདུས་ཀྱིས་ ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ ཟད་འགྲོ་ཡོངས་བསྡོམས་དངུལ་ཀྲམ་འབུམ་༧༠ ལྷག་ཙམ་གནས་ནི་མས་ཟེར་ཨིནམ་ད་ དེ་ཡང་ འགོ་འདྲེན་འཐབ་བཅུག་མི་ འབྲུག་ཕུཊ་བཱོལ་ཚོགས་པ་ལུ་ འཐུས་དངུལ་ཀྲམ་འབུམ་༣ ཕྱིའི་རྩེད་འགྲན་པ་ཚུ་གི་ བཟའ་ཁང་འཐུས་ དངུལ་ཀྲམ་འབུམ་༥༠ ལྷགཔ་ཅིག་དང་ གསོལ་རས་ དངུལ་ཀྲམ་འབུམ་༧ སྐྱེལ་འདྲེན་ལུ་ དངུལ་ཀྲམ་འབུམ་༦ དང་༧ སྦྱོར་བརྡར་གྱི་དོན་ལུ་ དངུལ་ཀྲམ་འབུམ་༣ ལྷགཔ་ཅིག་ དེ་ལས་ འབྲུག་པའི་རྩེད་འགྲན་པ་སྡེ་ཚན་༢ ལུ་ དངུལ་ཀྲམ་སྟོང་ཕྲག་༥༠ རེ་བྱིན་ནི་ཟེར་ཨིན་པས།
ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལས་ ཕྱིའི་རྩེད་འགྲན་འབད་མི་ཚུ་ལུ་ རིན་མེད་སྟོང་པ་སྦེ་ ནང་སྡོད་ཆོག་ཐམ་གྱི་ རྒྱབ་སྐྱོར་མཛད་གནང་མི་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ ལས་རིམ་འགོ་འདྲེན་འཐབ་མི་ཚུ་གིས་ སླབ་དོ་ཡོདཔ་ད་ རྩེད་འགྲན་གྱི་སྐབས་ལུ་ ལྟདམོ་ལྟ་མི་ རྒྱུན་མ་ཆད་པར་ འབྲུག་མི་༣༠༠༠ དེ་ཅིག་འཐོན་ཚུགས་པའི་ རེ་བ་དང་སྨོན་ལམ་ཡོད་ཟེར་ འགོ་འདྲེན་པ་གིས་ སླབ་ཨིན་པས།
རྩེད་འགྲན་ཁག་༡༩ འབདཝ་ད་ ལྟདམོ་ལྟ་མི་༥༠,༠༠༠ འོང་མི་གིས་ དངུལ་ཀྲམ་འབུམ་༥༠ དེ་ཅིག་ བཟོ་ཚུགས་པའི་ རེ་འདོད་བསྐྱེད་དོ་ཡོདཔ་ད་ སྤྱིར་བཏང་ ལྟདམོ་ལྟ་མི་ཚུ་གི་དོན་ལུ་ ཤོག་འཛིན་རེ་ལུ་ དངུལ་ཀྲམ་༡༢༥ དང་ རྩེད་ཐང་ནང་འབད་བ་ཅིན་ དངུལ་ཀྲམ་༢༠༠ རེ་སྦེ་ འཛུལ་ཞུགས་འབད་དགོཔ་ཨིན་པས།
ད་རིས་ཀྱི་ རྩེད་འགྲན་ལས་རིམ་ནང་ལས་ རྒུད་ཕོག་ནི་ཨིན་རུང་ སང་ཕོད་ འབྲུག་ཕུཊ་བཱོལ་ཚོགས་པ་གིས་ གོ་སྐབས་བྱིན་པ་ཅིན་ ཧེ་མ་ལས་ བཅའ་སྒྲིག་ཚུ་རྐྱབ་སྟེ་ མ་དངུལ་འབོར་ཆེ་ཏོག་ཏོ་བཟོ་ནིའི་དོན་ལུ་ འཆར་གཞི་དང་ ལས་སྣ་ དེ་ལས་ ཚོང་འབྲེལ་ཚུ་ འཐབ་ནི་ཨིན་ཟེར་ ཀུན་བཟང་དབང་འདུས་ཀྱིས་ སླབ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་པ་གིས་ ཕྱི་རྒྱལ་ཁབ་ཚུ་དང་ འབྲེལ་བ་འཐབ་སྟེ་ ལས་རིམ་བཟོ་ཡོདཔ་བཞིན་དུ་ རྩེད་འགྲན་འབད་བའི་སྐབས་ དགོས་མཁོ་ཆེ་བའི་ཅ་ཆས་ དེ་ལས་ མི་སྟོབས་ཀྱི་ ཆ་རོགས་ཚུ་ འབད་བྱིན་དོ་ཟེར་ འབྲེལ་ཡོད་འགོ་དཔོན་ བསོད་ནམས་འཇིགས་མེད་ཀྱིས་ སླབ་ཨིན་པས།
ཀིངསི་ཀ་ལབ་ཀྱི་ རྩེད་འགྲན་དེ་ སྤྱི་ཟླ་༧ པའི་ཚེས་༢༠ ལས་འགོ་བཙུགས་ སྤྱི་ཟླ་༨ པའི་ཚེས་༩ ཚུན་ འགོ་འདྲེན་འཐབ་ནི་ཨིནམ་ད་ ད་རེས་ནངས་པ་ བང་ལ་དེཤ་གི་ བྲོ་ཌར་ ཡུ་ནེ་ཡཱན་སྡེ་ཚན་ལུ་ བྱ་སྟབས་མ་བདེཝ་ཐོན་སོཔ་ལས་ དེ་གི་ཚབ་སྦེ་ བང་ལ་དེཤ་ཕུཊ་བཱོལ་ཚོགས་པ་ལས་ ཨ་རཱམ་བཌ་ ཁི་ར་ ཤཱང་གཱ་སྡེ་ཚན་ གདམ་འཐུ་འབད་དེ་ བཏང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment